
ཚེས11ཉིན། ཨ་ཀེན་ཐིན་གྱི་པུའུ་དབྱི་ནོ་སི་ཨའེ་ལི་སིའི་གྲོང་ཁྱེར་གྱི་ལྕགས་ལམ་ལས་ས་སྨི་ཨེན་ཐོ་ལམ་ཐིག་གི་མེ་འཁོར་ཞིག་ལྕགས་ལམ་དང་བྲལ་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི20ལ་རྨས་ཕོག་ཡོད།
ས་གནས་དེའི་ཚེས11ཉིན་གྱི་དུས་ཚོད15དང་སྐར་མ50ཡས་མས་སུ་ས་སྨི་ཨེན་ཐུའོ་ལམ་ཐིག་གི་མེ་འཁོར་ཞིག་པུའུ་དབྱི་ནོ་སི་ཨའེ་ལི་སི་གྲོང་ཁྱེར་ནུབ་རྒྱུད་ཀྱི་ལི་ཉེ་ཨེར་སི་མེ་འཁོར་འབབས་ཚུགས་སུ་ལྕགས་ལམ་དང་བྲལ། ཨ་ཀེན་ཐིན་གྱི་ཚགས་པར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་རྗེས། ཉེན་རྟོག་པ་དང་མེ་ཟོན་མི་སྣས་རླངས་འཁོར་སྟེང་གི་མི་སྣ་ཁ་འགྲེམས་བྱས། ས་གནས་དེའི་དུས་ཚོད་ཚེས12ཉིན་གྱི་ནམ་གུང་བར་དོན་རྐྱེན་དེ་ལས་ཁྱོན་བསྡོམས་མི20ལ་རྨས་ཕོག་ཡོད་པ་དང་ད་ལྟ་ལམ་ཐིག་དེ་སླར་གསོ་བྱས་ཡོད།
ཨ་ཀེན་ཐིན་གྱི་ལྕགས་ལམ་བདག་གཉེར་ཀུང་སིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། མེ་འཁོར་དེ་ལྕགས་ལམ་ལས་བྲལ་མ་ཐག་མྱུར་དུ་འགྲོ་མཚམས་བཞག་ཡོད་པ་དང་། ད་ལྟ་དོན་རྐྱེན་དེའི་རྒྱུ་རྐྱེན་དངོས་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།