
ཉེ་ལམ་ཨུ་རུ་སུའི《གུང་གཞོན་ཚོགས་པའི་བདེན་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱིས་མི་མེད་མ་ལག་གི་དམག་དཔུང་དངོས་སུ་བཙུགས།
གནས་ཚུལ་སྤེལ་བ་ལྟར་ན། གསར་དུ་བཙུགས་པའི་མི་མེད་མ་ལག་དམག་དཔུང་གི་དམག་སྤྱི་གཞོན་པ་སེ་ཀེ·དབྱི་ཧྲི་ཐུའུ་ཅ་ནོ་ཧྥུའུ་ཡིས་ཚགས་པར་དེའི་བཅར་འདྲི་དང་ལེན་བྱེད་སྐབས། མི་མེད་མ་ལག་དམག་དཔུང་གི་དམག་འཐབ་འགུལ་སྐྱོད་གཅིག་གྱུར་གྱི་འཆར་གཞི་ལྟར་ལག་བསྟར་བྱེད་པ་དང་། དཔུང་སྡེ་གཞན་དག་དང་མཐུན་སྦྱོར་འགུལ་སྐྱོད་སྤེལ་དགོས་ཞེས་བཤད། དམག་དཔུང་དེའི་སྒྲིག་ཆས་ནང་མི་མེད་གནམ་གྲུ་ལས་གཞན་ད་དུང་ས་ངོས་དང་མཚོ་ཐོག་གི་མི་མེད་མ་ལག་འདུས་ཡོད།
དབྱི་ཧྲི་ཐུའུ་ཅ་ནུའོ་ཧྥུའུ་ཡིས་ང་ཚོས་བཀོལ་སྤྱོད་པ་དང་བཟོ་སྐྲུན་པ། ལག་རྩལ་མི་སྣ། མཁོ་སྒྲུབ་འགན་ལེན་མི་སྣ་བཅས་ཁ་གསབ་བྱེད་བཞིན་ཡོད་ཅེས་བཤད། གཞན་ཡང་མི་མེད་མ་ལག་གི་དམག་དཔུང་ལ་ཆེད་དུ་བཙུགས་པའི་མཐོ་རིམ་དམག་དོན་སློབ་གྲྭའི་འཛུགས་སྐྲུན་ལས་དོན་ཡང་སྤེལ་བཞིན་ཡོད།
2024ལོའི་ཟླ12པའི་ཚེས16ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་པེ་ལུའོ་ཝུའུ་སུའུ་ཧྥུའུ་ཡིས་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་སྐྱེད་ཚོགས་འདུའི་སྟེང་། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གི་འབྲེལ་ཡོད་མཛུབ་སྟོན་གཞིར་བཟུང་ནས། མི་མེད་མ་ལག་དམག་དཔུང་གི་དམག་རིགས་གསར་པ་དེ་འཛུགས་རྒྱུའི་གྲོས་མགོ་བཏོན་པ་རེད། སྒྲིག་འཛུགས་ལས་དོན་གྱི་འཆར་གཞི་དེ་ཆེས་སྔ་ན2025ལོའི་དུས་ཚིགས་གསུམ་པར་ལེགས་འགྲུབ་བྱེད་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།