
ཚེས12ཉིན་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་ཉུང་མཐར་ཡང་ས་ཆ་དྲུག་གིས་ཕྱོགས་བསྡུས་འགོག་སྲུང་བཀོད་འདོམས་པུའུ་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།
ཁ་ལ་ཝོ་ཝོ་མངའ་སྡེ་དང་ཨ་ཕུའུ་ལེ་མངའ་སྡེ། ཀྭ་ལི་ཁོ་མངའ་སྡེ། པ་ལི་ན་སི་མངའ་སྡེ། ཁོ་ཧོ་ཏེ་སི་མངའ་སྡེ། རྒྱལ་ས་ཅ་ལ་ཅ་སི་དང་བཅས་པའི་ས་ཆ་དྲུག་གི་འགོག་སྲུང་དམག་འཐབ་ཁུལ་གྱིས་ཕྱོགས་བསྡུས་འགོག་སྲུང་བཀོད་འདོམས་པུའུ་སྔོན་ལ་འཛུགས་མགོ་བརྩམས། དེའི་ནང་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་ཁོ་ལོམ་པི་ཡ་དང་འབྲེལ་མཚམས་སུ་གནས་པའི་ཨ་ཕུའུ་ལེ་མངའ་སྡེ་རུ་པོ་ལི་ཝར་རྒྱལ་དམངས་དྲག་ཆས་དཔུང་སྡེ་ཡིས་དམག་དོན་བཀོད་སྒྲིག་དང་དམག་ཤུགས་དང་དམག་འཐབ་གྲ་སྒྲིག་ཐོན་ཁུངས་སྐུལ་སློང་བྱས་ཏེ། མངའ་སྡེ་དེའི་གློག་ཤུགས་དང་ཆུ་འདོན། འབར་རྫས། བཟའ་བཏུང་། སྣུམ་སྣོན་ས་ཚིགས། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲིན་གཏོང་ལམ་ཐིག་གཙོ་བོ་སོགས་འཐབ་ཇུས་སྒྲིག་ཆས་སྲུང་སྐྱོབ་བྱེད་བཞིན་ཡོད།
ཝེ་ནེ་ཙུའེ་ལ་རྒྱལ་ནང་དུ་ཕྱོགས་བསྡུས་འགོག་སྲུང་བཀོད་འདོམས་པུའུ་མང་པོ་འཛུགས་མགོ་བརྩམས་པ་ནི། ཚེས11ཉིན་རྒྱལ་ཁབ་དེའི་སྲིད་འཛིན་མ་ཏུའུ་ལུའོ་ཡིས་མིང་རྟགས་བཀོད་པའི《ཁྱོན་ཡོངས་ཀྱི་འགོག་སྲུང་བཀོད་འདོམས་བཅའ་ཁྲིམས》དང་ལེན་བྱེད་ཆེད་རེད། བཅའ་ཁྲིམས་དེའི་ནང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་དང་སྤྱི་དམངས་ཀྱིས་འཇིགས་སྐུལ་རིགས་གང་འདྲ་ཞིག་ལ་གདོང་གཏོད་སྐབས་ཀྱི་ཐུན་མོང་འགན་འཁྲི་གཏན་འཁེལ་བྱས་ཡོད། དེའི་དམིགས་ཡུལ་ནི་འགོག་སྲུང་གི་འབྲེལ་ཡོད་བྱ་བ་ཧྲིལ་པོ་གོ་རིམ་ལྡན་པའི་འཆར་འགོད་དང་། མཐུན་སྦྱོར་ལག་བསྟར་བཅས་བྱེད་ཐུབ་པར་འགན་ལེན་བྱེད་རྒྱུ་དང་། ལྷག་པར་དུ་ཝེ་ནེ་ཙུའེ་ལ་མི་དམངས་དང་དྲག་ཆས་དམག་དཔུང་གི་ཕན་ཚུན་གཞོགས་འདེགས་འགན་ལེན་བྱེད་རྒྱུ་དེ་རེད།
ཚེས11ཉིན་ཨ་རིའི་མཚོ་དམག་གིས་སྤྱི་བསྒྲགས་སྤེལ་ནས། “ཅེ་ལ་ཨེར་ཏི·R·ཧྥུའུ་ཐི”རྟགས་ཅན་གྱི་གྲུ་གཟིངས་ཀྱི་རྡུང་རྡེག་ཚོགས་པ་ལ་ཏིང་མེ་གླིང་གི་མཐའ་འཁོར་གྱི་ཆུ་ཁོངས་སུ་འབྱོར་ཡོད་མོད། འོན་ཀྱང་དེའི་ཞིབ་ཕྲའི་གནས་ཡུལ་གསལ་བོར་བཤད་མེད་ཅེས་འཁོད་ཡོད། ཟླ10པའི་ཚེས31ཉིན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཝེ་ནེ་ཙུའེ་ལའི་མངའ་ཁོངས་ཀྱི་ས་ངོས་དམིགས་འབེན་ལ་འཇབ་རྒོལ་བྱེད་མིན་ཐག་གཅོད་བྱས་མེད་ཅེས་བཤད།
ཉེ་ལམ་ཨ་རིས་དུག་རྫས་འཛིན་རྒྱུ་རྒྱུ་མཚན་དུ་བྱས་ནས། ཅ་ལེ་པིའི་མཚོ་ཁོངས་སུ་དམག་གྲུ་མང་པོ་བཀོད་སྒྲིག་བྱས་ཡོད། ཟླ9པའི་ཟླ་སྟོད་ནས་བཟུང་ཨ་རིའི་དམག་དཔུང་གིས་དུག་ཚོང་གྲུ་གཟིངས་ཟེར་བ20ཙམ་བསྣུབས་ནས་མི70ལྷག་ཙམ་རྐྱེན་ལམ་དུ་ཤོར། ཨ་རིའི་དུག་རྫས་འཛིན་བཟུང་ཧྲུའུ་ཡི་ཉེ་བའི་ལོ་ཤས་རིང་གི་སྙན་ཞུ་ལས་མངོན་པ་ལྟར་ན། ཝེ་ནེ་ཙུའེ་ལ་ནི་ཨ་རིར་ནང་འདྲེན་བྱེད་པའི་དུག་རྫས་ཡོང་ཁུངས་གཙོ་བོ་ཞིག་མིན། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཨ་རིས་དམག་དོན་གྱི་འཇིགས་སྐུལ་བརྒྱུད་ནས་ཝེ་ནེ་ཙུའེ་ལ་རུ་སྲིད་དབང་བརྗེ་བསྒྱུར་བྱེད་འདོད་ཡོད་པ་མ་ཟད། ལ་ཏིང་མེ་གླིང་དུ་དམག་དོན་རྒྱ་བསྐྱེད་བྱེད་འདོད་ཡོད་ཅེས་སྐྱོན་འཛུགས་ཐེངས་མང་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།