
ཀྲུང་གོས་རོགས་སྐྱོར་བྱས་ནས་འཛུགས་སྐྲུན་བྱས་པའི་སི་ར་ལ་ཨོང་གི་སྙིང་ཁམས་ལ་ལྟ་སྐྱོང་བྱེད་པའི་ནད་ཁང་དང་པོ་དེ་ས་གནས་དེའི་དུས་ཚོད་ཚེས12ཉིན་སི་ར་ལ་ཨོང་གི་རྒྱལ་ས་ཧྥུའུ་ལི་ཏུན་དུ་ཡོད་པའི་ཀྲུང་གོ་དང་སི་ར་ལ་ཨོང་གི་མཛའ་བརྩེའི་སྨན་ཁང་དུ་དངོས་སུ་སྤྱོད་མགོ་བརྩམས།
ངོ་སྤྲོད་བྱས་པ་ལྟར་ན། སྙིང་ཁམས་ལ་ལྟ་སྐྱོང་བྱེད་པའི་ནད་ཁང་དུ་སྙིང་གློག་ལྟ་སྐྱོང་དང་། འདར་སེལ་འཕྲུལ་ཆས། དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་ཆེད་ལས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པར་མ་ཟད། མ་ལག་གསོ་སྦྱོང་བྱས་པའི་སྨན་བཅོས་མི་སྣས་གཉེར་སྐྱོང་གི་འགན་འཁུར་ཡོད་པས། སྙིང་གི་ཁྲག་རྩའི་ཛ་དྲག་དང་ཉེན་ཁ་ཆེ་བའི་ནད་པར་གཅིག་བསྡུས་ལྟ་སྐྱོང་དང་ཕན་ནུས་ལྡན་པའི་སྐྱོབ་བཅོས་མངོན་འགྱུར་ཐུབ་པས། མྱུར་སྐྱོབ་ལེགས་འགྲུབ་འབྱུང་ཚད་ཆེས་ཆེར་མཐོ་རུ་འགྲོ་བ་དང་ཤི་ཚད་ཇེ་དམའ་རུ་འགྲོ་ཐུབ། སྙིང་ཁམས་ལ་ལྟ་སྐྱོང་བྱེད་པའི་ནད་ཁང་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་ཁ་གཏད་སྨན་ཁང་མཉམ་ལས་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཤིག་རེད།
སི་ར་ལ་ཨོང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲ་ཨར་སི·སེ་ནེ་ཞི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གོ་ཕྱོགས་ཀྱི་ཆེད་མཁས་ཚོགས་པས་སི་ར་ལ་ཨོང་གི་སྙིང་ཁམས་ཁྲག་རྩའི་ཆེད་ཚན་འཛུགས་སྐྲུན་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། སྟེགས་བུ་དེ་བེད་སྤྱོད་ཡག་པོ་བྱས་ནས་ས་གནས་དེའི་སྙིང་ཁམས་ཁྲག་རྩའི་ནད་རིགས་སྨན་བཅོས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་ཁས་ལེན་བྱས།
སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་སྐོར་ཐེངས26པ་ནི་ཧུའུ་ནན་ཞིང་ཆེན་གྱིས་མངགས་གཏོང་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་རུ་ཁག་གིས་ད་དུང་ལག་རྩལ་གསོ་སྦྱོང་དང་ནད་དཔེ་ཞིབ་བསྡུར་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་སི་ར་ལ་ཨོང་ཕྱོགས་དང་སྨན་བཅོས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་རྒྱུ་རེད། ཧུའུ་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་ཐའོ་ཞུའེ་ཡུང་གིས་སྨན་བཅོས་རུ་ཁག་དང་སི་ར་ལ་ཨོང་ཕྱོགས་གཉིས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ནས། ནད་ཁང་བདེ་འཇགས་དང་ནུས་ཆེའི་འཁོར་སྐྱོད་འགན་ལེན་བྱེད་པ་དང་དུས་མཚུངས་སུ། ལག་རྩལ་རྒྱུན་འཛིན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཡག་པོ་བྱས་ཏེ་རང་ཡུལ་ཅན་གྱི་ཆེད་ལས་ཚོགས་པ་ཞིག་བསྐྲུན་ནས། འཁྲིད་ནས་ མི་འགྲོ་བའི་སྨན་བཅོས་རུ་ཁག་ཅིག་འཇོག་རྒྱུར་རེ་བ་བྱེད་ཀྱི་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།