ཕྱི་འབྲེལ་པུའུ་ཡིས་འཇར་པན་ཕྱོགས་ལ་ཐའེ་ཝན་གྱི་གནད་དོན་ཐད་མེ་རྩེད་བྱེད་མི་རུང་། མེ་རྩེད་བྱེད་མཁན་གྱིས་རང་ལུས་མེར་སྲེག་ངེས་ཡིན་ཞེས་བཤད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས13ཉིན།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཉེས་འགན་ལ་བསམ་གཞིགས་ཡང་དག་བྱས་ཏེ།   ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་མཐའ་ཚད་ལས་བརྒལ་བའི་གཏམ་སྤྱོད་ནོར་འཁྲུལ་མྱུར་དུ་མཚམས་འཇོག་དགོས། ཐའེ་ཝན་གནད་དོན་ཐད་མེ་རྩེད་བྱེད་མི་རུང་། མེ་རྩེད་བྱེད་མཁན་གྱིས་རང་ལུས་མེར་སྲེག་ངེས་ཡིན་ཞེས་བཤད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་།   གསར་འགོད་པ་ཞིག་གིས་ཉིན་ཤས་སྔོན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་ཀྲུང་གོའི་སྐམ་ས་ཆེན་པོས་ཐའེ་ཝན་ལ་དྲག་ཤུགས་སྤྱོད་པ་དེས་འཇར་པན་ལ“འཆི་གསོན་ཉམས་ཉེན་གྱི་རྣམ་པ”ཆགས་སྲིད་པའི་སྐོར་གྱི་གཏམ་བརྗོད་སྤེལ་བ་རེད། གནས་ཚུལ་སྤེལ་བ་ལྟར་ན།   ཀའོ་ཧྲིས་རྒྱལ་ཚོགས་སུ་རྩོད་ལན་འདེབས་སྐབས་འབྲེལ་ཡོད་གཏམ་བརྗོད་དེ་འཇར་པན་་སྲིད་གཞུང་གི་ལྟ་ཚུལ་དང་མཐུན་པ་དང་ཕྱིར་འཐེན་བྱེད་པའམ་ཡང་ན་མེད་པར་བཟོ་འདོད་མེད་ཅེས་ནན་བཤད་བྱས། ཀྲུང་གོ་ཕྱོགས་ལ་དེའི་ཐད་དཔྱད་གཏམ་ཅི་ཞིག་ཡོད་དམ་ཞེས་དྲིས་པར།

ལིན་ཅན་གྱིས་བསྟན་དོན།  ཉིན་ཤས་སྔོན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་རྒྱལ་ཚོགས་སུ་མངོན་སུམ་འཛེམ་མེད་ངང་ཐའེ་ཝན་དང་འབྲེལ་བ་ཡོད་པའི་འཁྲུག་སློང་གཏམ་བཤད་སྤེལ་ནས།  དྲག་ཤུགས་བཀོལ་ནས་ཐའེ་ཝན་མཚོ་འགག་ལ་ཞུགས་སྲིད་པའི་ལྐོག་བརྡ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཟབ་ནན་ངང་འབྲེལ་གཏུག་དང་རྒོལ་གཏམ་དྲག་པོ་བཏང་རྗེས།  ད་དུང་ཡང་མགོ་འཁོར་ནས་གཏམ་བཤད་དེ་དག་ཕྱིར་འཐེན་མ་བྱས། གོང་གསལ་གྱི་ནོར་འཁྲུལ་གྱི་གཏམ་བཤད་དེ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད་པར་མ་ཟད།  ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་དགོངས་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད་ལ།  ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་དང་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་འགྲན་སློང་བྱེད་པ།   ཀྲུང་གོའི་བདག་དབང་ལ་བཙན་གནོད་བཅས་བྱས་ཡོད་པས།  ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་བཟོད་སྒོམ་གཏན་ནས་མི་བྱེད་པས།  འཇར་པན་ཕྱོགས་ཀྱིས་ངེས་པར་དུ་མྱུར་དུ་ཡོ་བསྲང་དང་གཏམ་བཤད་ངན་པ་དེ་ཕྱིར་འཐེན་བྱེད་དགོས།  དེ་མིན་མཇུག་འབྲས་ཡོད་ཚད་ངེས་པར་དུ་འཇར་པན་ཕྱོགས་ཀྱིས་འགན་འཁུར་དགོས།

ལིན་ཅན་གྱིས་བཤད་རྒྱུར།  ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ།  ཐའེ་ཝན་སླར་གསོ་བྱས་ནས་ལོ80འཁོར་བའི་ལོ་ཡང་ཡིན། འཇར་པན་གྱིས་སྔོན་ཆད་ཐའེ་ཝན་ལ་མི་སེར་སྤེལ་བའི་དབང་སྒྱུར་བྱས་ཏེ།འབྲི་དཀའ་བའི་ནག་ཉེས་བསགས་ཡོད། འཇར་པན་དམག་རྒྱལ་རིང་ལུགས་ཀྱི་ལོ་རྒྱུས་ཐོག“འཆི་གསོན་གྱི་ཉམས་ཉེན”ཟེར་བ་དེར་ཁ་གཡར་ནས་ཕྱི་ཕྱོགས་ལ་བཙན་འཛུལ་ཐེངས་མང་བྱས་མྱོང་བ་སྟེ།“རང་སྲུང་དབང་ཆ་སྤྱོད་པ”རྒྱུ་མཚན་དུ་བྱས་ནས་དགུ་པའི་བཅོ་བརྒྱད་ཉིན་ཀྱི་དུས་འགྱུར་བཟོས་ནས།  ཀྲུང་གོར་བཙན་འཛུལ་དམག་འཁྲུག་བསླངས་པར་མ་ཟད།   ཀྲུང་གོ་དང་བཅས་པའི་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཟོས་མྱོང་།  དེ་རིང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་ཡང་བསྐྱར“འཆི་གསོན་ཉམས་ཉེན་གྱི་རྣམ་པ”ཟེར་བ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། དམག་རྒྱལ་རིང་ལུགས་ཀྱི་ནོར་འཁྲུལ་གྱི་ལམ་དུ་བསྐྱར་དུ་བསྐྱོད་དགོས་སམ། ཡང་བསྐྱར་ཀྲུང་གོའི་མི་དམངས་དང་ཨེ་ཤ་ཡའི་མི་དམངས་དགྲར་འཛིན་དགོས་སམ། ཡང་ན་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་མགོ་རྟིང་སློག་རྒྱུའི་རེ་ངན་བཅངས་ཡོད་དམ།

ལིན་ཅན་གྱིས་བསྟན་དོན།  ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན་པས།བྱེད་ཐབས་གང་འདྲ་ཞིག་གི་ཐོག་ནས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་རྒྱུ་ནི།   ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་མི་ཆོག    འཇར་པན་གྱི་སྲིད་དབང་འཛིན་མཁན་གྱིས་ཐའེ་ཝན་མཚོ་འགག་གི་ལས་དོན་ལ་ཐེ་གཏོགས་བྱེད་རྩིས་བྱེད་པ་ནི་རྒྱལ་སྤྱིའི་དྲང་བདེན་ལ་རྩུབ་སྤྱོད་ཀྱིས་རྡོག་རྫིས་བཏང་པ་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམ་མེད་ངང་འཁྲུག་རྐྱེན་སློང་བ་ཞིག་ཡིན་ལ།  ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་གཏོར་བཤིག་ཚབས་ཆེན་བཏང་བ་ཞིག་ཀྱང་རེད།

ལིན་ཅན་གྱིས་བཤད་རྒྱུར།   གལ་ཏེ་འཇར་པན་ཕྱོགས་ཀྱིས་དྲག་ཤུགས་ཀྱིས་ཐའེ་ཝན་མཚོ་འགག་གི་གནས་བབ་ལ་ཐེ་གཏོགས་བྱེད་ཕོད་ན།  དེ་ནི་བཙན་འཛུལ་གྱི་བྱ་སྤྱོད་དུ་འགྱུར་སྲིད་པས།  ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་ནས་ཕར་རྒོལ་བྱེད་ངེས་ཡིན།  ང་ཚོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་སྲུང་དབང་ཆ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས།  རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བརྟན་པོ་བྱེད་རྒྱུ་ཡིན།  ང་ཚོས་འཇར་པན་ཕྱོགས་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཉེས་འགན་ལ་བསམ་གཞིགས་ཡང་དག་བྱས་ནས།   ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་།  མཐའ་ཚད་ལས་བརྒལ་བའི་འཁྲུག་རྐྱེན་སློང་བའི་ནོར་འཁྲུལ་གྱི་གཏམ་བཤད་སྤེལ་མཚམས་མྱུར་དུ་འཇོག་དགོས་པ་དང་།ཐའེ་ཝན་གྱི་གནད་དོན་ཐད་མེ་བྱེད་རྩེད་མི་རུང་།  མེ་རྩེད་བྱེད་མཁན་གྱིས་རང་ལུས་མེར་སྲེག་ངེས་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།