
ཚེས13ཉིན། ཕ་ཁི་སི་ཐན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏ་ལིས་ཀྱིས་ཉིན་དེར་རྩ་ཁྲིམས་དག་བཅོས་འཆར་ཟིན་ཐེངས27པར་མིང་རྟགས་བཀོད་ནས་ཆོག་མཆན་སྤྲད་པ་དང་། དག་བཅོས་འཆར་ཟིན་དེས་ཕ་ཁི་སི་ཐན་གྱི་རྩ་ཁྲིམས་དང་དམག་དོན་སོགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་དོན་ཚན་རབ་དང་རིམ་པ་ལ་བཟོ་བཅོས་དང་ལེགས་སྒྲིག་བྱས་ཡོད་ཅེས་བཤད།
ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མས་ཉིན་དེར་གཟའ་འཁོར་འདིའི་ནང་དུ་སྔ་མོ་ནས་རྒྱལ་དམངས་གྲོས་ཁང་དང་གྲོས་ཁང་གོང་མའི་གྲོས་འཆམ་བྱུང་བའི་རྩ་ཁྲིམས་དག་བཅོས་འཆར་ཟིན་གྱི་ཡིག་ཆ་ཁྱབ་བསྒྲགས་བྱས། ལེགས་སྒྲིག་བྱས་པའི་ནང་དོན་ཁྲོད་རྒྱལ་ཁབ་དེས་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས་ཁྲིམས་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཕ་ཁི་སི་ཐན་སྐམ་དམག་གི་བློ་འདོན་པའི་གོ་གནས་དེ“སྐམ་དམག་གི་བློ་འདོན་པ་དང་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དམག་དཔོན”ཞེས་བསྒྱུར་ཡོད་ལ། ཟླ11པའི་ཚེས27ཉིན་ནས་བཟུང་བློ་འདོན་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ལས་གནས་མེད་པར་བཟོ་རྒྱུ་སོགས་འདུས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།