
ཟླ11པའི་ཚེས14ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་ཉེ་བའི་དམག་དོན་བདེ་འཇགས་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། འཇར་པན་ཕྱོགས་ཀྱིས་རང་ཉིད་ཀྱི་དམག་ཤུགས་རྒྱ་བསྐྱེད་པར་ཁ་གཡར་ས་འཚོལ་བ་མཚམས་འཇོག་པར་སྐུལ་མ་གཏོང་བཞིན་ཡོད་ཅེས་བཤད།
ལིན་ཅན་གྱིས་འཇར་པན་གྱིས་རང་ཉིད་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་པར་འུར་བསྟོད་བྱེད་པ་དང་། ཉིང་རྡུལ་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུ་སྒྲོག་སྤེལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཀའོ་ཧྲི་སྲིད་དབང་གིས“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”ཐད་ཀྱི་རྣམ་འགྱུར་རབ་རིབ་ཡིན་ལ་སྐད་ཆ་གསལ་པོ་མིན་པ་དང་། ཕལ་ཆེར་འདོར་སྲིད་པའི་ལྐོག་བརྡ་ཡང་བཏང་ཡོད། འཇར་པན་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཐ་ན་ཉིང་རྡུལ་ཆུར་འཛུལ་གྲུ་གཟིངས་ནང་འདྲེན་བྱེད་པ་ཕྱིར་འབུད་མི་སྲིད་ཅེས་བཤད་པ་དེ་དག་ཚང་མའི་ཐོག་ནས། འཇར་པན་སྲིད་གཞུང་གི་ཚབས་ཆེ་ཞིང་ལྡོག་ཕྱོགས་ཀྱི་ཁ་ཕྱོགས་གསལ་པོར་མངོན་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉེན་ཁའི་བརྡ་རྟགས་བཏང་བ་རེད་ཅེས་བཤད།
ལིན་ཅན་གྱིས་ང་ཚོས་འཇར་པན་ཕྱོགས་ཀྱིས་བཙན་འཛུལ་གྱི་ལོ་རྒྱུས་ལ་བསམ་གཞིགས་ཡང་དག་བྱས་ནས། ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་ངོས་ཀྱི་དམག་ཤུགས་རྒྱ་བསྐྱེད་པར་ཁ་གཡར་ས་འཚོལ་མཚམས་བཞག་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་རྒྱུར་སྐུལ་མ་གཏོང་བཞིན་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།