
ཀྲུང་གོ་དང་ཡོ་རོབ་གླེང་སྟེགས་སྐབས་བཅུ་གསུམ་པ་ཚེས13ཉིན་པིས་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་སྤེལ། ཐེངས་འདིའི་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་ལོ་འཁོར50ཕྱིར་དྲན་བྱེད་པའི་རྨང་གཞིའི་སྟེང་། འཛམ་གླིང་གི་གནས་བབ་ལ་གཡོ་འགུལ་དང་ངེས་གཏན་མེད་པའི་རང་བཞིན་ཇེ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཇི་ལྟར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱས་ནས། རྗེས་མའི་ལོ་འཁོར50ཡི་ནང་ལག་རྡང་མཉམ་སྦྲེལ་གྱིས་བསུ་མ་བྱེད་རྒྱུ་རེད།
ཀྲུང་གོའི་ཡོ་རོབ་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཚའེ་རུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འགོར་བའི་ལོ་དང་། དུས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་ལོ་ཡང་ཡིན་པས། སྔ་འཛིན་རྗེས་མཐུད་ཀྱི་ལོ་གལ་ཆེན་འདིར། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་འཐབ་ཇུས་དོན་སྙིང་ལྡན་ཞིང་གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་ནུས། ཀྲུང་གོ་དང་ཡོ་རོབ་ཀྱིས་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཐུགས་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་སྲུང་དང་། དཔལ་འབྱོར་ཉོ་ཚོང་ཐད་ཀྱི་བར་ཁྱད་ཐག་གཅོད་ཡག་པོ་བྱས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
པིས་ལི་ཧྲིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཨན་པོ་ཉིང་གིས་བརྙན་རིས་ཤིས་ཚིག་འབུལ་སྐབས། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་གོ་ནོར་སེལ་བ་དང་། ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས་བྱེད་པར་ཤུགས་སྣོན་དགོས་ཞེས་བཤད་པ་དང་། ཁོས་ཡོ་རོབ་དང་ཀྲུང་གོས་ཕ་རེ་སིའི་གྲོས་ཆོད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྤྱི་ཆིངས་ཀྱི་སྒྲོམ་གཞིའི་འོག་མཉམ་དུ་འབད་འབུངས་བྱེད་དགོས་ལ། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཁྱབ་ཁོངས་ཁྲོད་དུ་དགེ་མཚན་གསབ་རེས་ཀྱི་མཉམ་ལས་གྲོགས་པོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕྱོགས་གཉིས་ཀྱིས་མ་འོངས་པར་ཁྱབ་ཁོངས་སྔར་ལས་མང་བའི་མཉམ་ལས་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།
གླེང་སྟེགས་ཡུལ་དངོས་སུ་མཛའ་འབྲེལ་གྲོགས་པོའི་སྣང་ཚུལ་བཟང་བོ་མངོན་ཡོད་ལ། ཡོ་རོབ་ཕྱོགས་ཀྱི་ཚོགས་ཞུགས་མཁན་གྱིས་བལྟས་ན། ཡོ་རོབ་དང་ཀྲུང་གོས་ཁེ་ཕན་གཅིག་འབྲེལ་གནས་རྒྱ་བསྐྱེད་དགོས་ཤིང་། ལྗང་མདོག་ཚུལ་སྒྱུར་དང་། མིའི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། གོ་ལ་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས་པར་འདོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཟུར་པ་ལཱ་མཱིས་བརྙན་རིས་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། མིག་སྔའི་ཁོར་ཡུག་འོག་ཏུ། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་བོའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་མཉམ་དུ་ཤུགས་འདོན་དགོས་ཞེས་བཤད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནམ་ཟླའི་འགུལ་སྐྱོད་སྤྱི་ཁྱབ་ཟི་ཡི་ཟི་ཀྲང་ཟུར་པ་ཏི་ཨར་པེ་ཁུ་ཡིས་བལྟས་ན། མ་འོངས་པའི་ལག་རྩལ་ནི་ལྗང་མདོག་ལག་རྩལ་ཡིན་ཐག་ཆོད་ཡིན་པས། ཡོ་རོབ་དང་ཀྲུང་གོ་གཉིས་ཀྱི་ལྗང་མདོག་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པར་འདོད།
ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་ཡོ་རོབ་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཚོགས་པ་དང་། ཡོ་རོབ་གླིང་གི་མིང་གྲགས་རིག་མཛོད་ཡོ་རོབ་གླིང་གི་གྲོགས་པོ་ཞེས་པ། ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བ་རེད། ཀྲུང་གོ་དང་ཡོ་རོབ་ཀྱི་སྲིད་ཚོང་རིག་པའི་སྨྱན་སྦྱོར་སྡེ་ཁག་གི་འཐུས་མི་དང་རྒྱལ་ཁབ་མང་པོའི་ཡོ་རོབ་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་པ་སོགས་མི500ཙམ་སྐུད་ལམ་དང་ཡུལ་དངོས་ནས་ཚོགས་འདུར་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།