
ཚེས13ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཨུ་ཡོན་ལྷན་ཁང་བཞི་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ས་ཁུལ་ཕ་ལེ་སི་ཐན་གྱི་ཡུལ་གྱར་བར་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ལས་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས། མིག་སྔར་བཟོ་སྐྲུན་ཁྲུའུ་ནོར་སྲིད་ཀྱི་དཀའ་ངལ་ཚབས་ཆེན་ལ་འཕྲད་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཟོ་སྐྲུན་ཁྲུའུ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད།
ཀིན་ཧྲོང་གིས་བཟོ་སྐྲུན་ཁྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཅ་ཧྲ་བརྟན་སྲུང་བྱས་ནས་འགེབས་སྲུང་དང་རྒུད་སྐྱོབ་བྱས་ཏེ། མང་ཚོགས་ས་ཡ་གཉིས་ལ་མཐའ་མའི་ཚེ་སྲོག་གི་འགོག་སྲུང་ཐིག་བསྐྲུན་ཡོད། མིག་སྔར་ཅ་ཧྲའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། མང་ཚོགས་ས་ཡ་གཉིས་སྔར་བཞིན་ཉེན་ཁའི་གནས་དང་བྲལ་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་གྱིས་སྔར་ལས་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་བསྟན།
ཀིན་ཧྲོང་གིས་མིག་སྔའི་དམག་འཁྲུག་མཚམས་འཇོག་པ་དེ་ཁྱོན་ཡོངས་ནས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པའི་རྨང་གཞིར་འགྱུར་དགོས། དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱུང་ཚེ། ཡང་བསྐྱར་དམག་འཁྲུག་གསར་པ་ཞིག་གཏན་ནས་སྤེལ་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་བ་དང་མི་སེར་ལ་ཤི་རྨས་བཟོས་པའི་དོན་རྐྱེན་ཡང་ཡང་བྱུང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཕྱོགས་སོ་སོ་དང་ལྷག་པར་དུ་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་བླང་བྱར་བརྩི་སྲུང་བྱས་ནས་ཁྱོན་ཡོངས་ནས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་འབོད་སྐུལ་གཏོང་བཞིན་ཡོད་ཅེས་ནན་གྱིས་བསྟན།
ཀིན་ཧྲོང་གིས་མིག་སྔར་ཅ་ཧྲའི་མི་ཆོས་རོགས་སྐྱོར་དེ་སྔར་བཞིན་འགོག་རྐྱེན་མང་པོར་འཕྲད་ཡོད་པ་དང་། འཚོ་བའི་དངོས་རྫས་ཤིན་ཏུ་དཀོན་ནའང་རོགས་སྐྱོབ་བྱེད་མཁན་ཡོང་ཐབས་མེད་པར་གྱུར་ཡོད། ཅ་ཧྲའི་མི་ཆོས་རོགས་སྐྱོར་ཐད་བཟོ་སྐྲུན་ཁྲུའུ་ཡིས་ནུས་པ་གལ་ཆེན་གྱི་ཚབ་བྱེད་ཐབས་བྲལ་བ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་བློ་འདྲི་བསམ་འཆར་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་ལ་བཟོ་སྐྲུན་ཁྲུའུ་ལ་བྱེད་སྒོ་སྤེལ་རྒྱུར་གཞོགས་འདེགས་བྱེད་པའི་འོས་འགན་ཡོད་པ་གསལ་བོར་བྱས་ཡོད། དབྱི་སི་རལ་གྱིས་ངེས་པར་དུ་བཙན་བཟུང་བྱེད་མཁན་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་བསྒྲུབས་ནས་ས་མཚམས་ལས་བརྒལ་བའི་ས་ཆ་ཚང་མ་སྒོ་འབྱེད་པ་དང་། མི་ཆོས་ཆོག་འཐུས་ལ་ཚོད་འཛིན་མེད་པར་བཟོ་བ། བཟོ་སྐྲུན་ཁྲུའུ་ལ་གནོན་ཤུགས་སྟེར་མཚམས་འཇོག་པ་བཅས་བྱས་ཏེ། བཟོ་སྐྲུན་ཁྲུའུ་སོགས་མི་ཆོས་སྒྲིག་གཞིས་ལས་དོན་སྤེལ་བར་བདེ་འཇགས་དང་སྟབས་བདེའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
ཀིན་ཧྲོང་གིས་ལོ་གཉིས་རིང་གི་གདོང་ཐུག་ལས་ཅ་ཧྲར་ཆག་འཇིག་ཆེན་པོ་བྱུང་ཡོད། བཟོ་སྐྲུན་ཁྲུའུ་ཡི་ཚོགས་པ་འཐུས་ཚང་ཞིང་ནུས་པ་འདང་ངེས་ཡོད་པས་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། མིག་སྔར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཀོད་སྒྲིག་སྐོར་གྱི་གྲོས་ཆོད་འཆར་ཟིན་ཞིག་ལ་གྲོས་བསྡུར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ཅ་ཧྲ་ཡིན་པ་ལས་མི་གཞན་གྱི་ཅ་ཧྲ་མིན། ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཀོད་སྒྲིག་གང་ཞིག་ཡིན་རུང་ངེས་པར་དུ“ཕ་ལེ་སི་ཐན་པས་ཕ་ལེ་སི་ཐན་སྐྱོང་བའི”རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚང་མས་ཕ་ལེ་སི་ཐན་མི་དམངས་རང་ཉིད་ཀྱི་འདོད་བློ་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་གང་ལེགས་དང་ནུས་ལྡན་ངང་ཞུགས་པར་འགན་སྲུང་བྱེད་དགོས། ཕ་ལེ་སི་ཐན་མི་དམངས་དང་ཨ་རབ་རྒྱལ་ཁབ་ཀྱི་སེམས་ཀྱི་སྐད་ཆ་མཚོན་མི་ཐུབ་པའི་གྲོས་ཆོད་ཞིག་ལ་བཙན་ཤེད་ཀྱིས་སྐུལ་འདེད་བཏང་ན། དོན་དག་དེ་ནི་རེ་འདུན་དང་རྒྱབ་འགལ་དང་དེ་ལས་ལྡོག་པ་ཙམ་ལས་མེད་ཅེས་བཤད།
ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ནང་བཙུགས་པའི་དབང་ཆ་སྤྲད་པའི་སྒྲིག་གཞི་ཞིག་ཡིན་པའི་བཟོ་སྐྲུན་ཁྲུའུ་ཡིས་ཅ་ཧྲ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་དང་། ཅོར་ཏན། ལེ་པ་ནོན། སི་རི་ཡ་སོགས་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་ལ་རྒུད་སྐྱོབ་བྱེད་པའི་འགན་འཁུར་ནས། ས་ཁུལ་གྱི་གནས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ལ་ཡུན་རིང་བོར་མི་ཆོས་དང་འཕེལ་རྒྱས་རོགས་སྐྱོར་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་བཟོ་སྐྲུན་ཁྲུའུ་ལ་བརྟན་འཇགས་མ་དངུལ་གྱིས་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཟོ་སྐྲུན་ཁྲུའུ་ཡིས་དབང་ཆ་འགོར་འགྱངས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། བཟོ་སྐྲུན་ཁྲུའུ་ཡིས་མུ་མཐུད་དུ་ཧུར་ཐག་གིས་འགན་འཁྲི་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།