
ཚེས14ཉིན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁག་གི་ཀྲུའུ་ཞི་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་བའི་པུའུ་ཨར་ཧན་གྱིས་དམག་དོན་རྗེས་མཐུན་རྩ་འཛུགས་ཀྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་དང་དམག་འཁྲུག་མཚམས་འཇོག་པའི་ཞི་བདེའི་གྲོས་མཐུན་འཇོག་རྒྱུ་དང་ལེན་མི་བྱེད་པར། དམག་དོན་འགུལ་སྐྱོད་དེ་ངོ་ལོག་དམག་དཔུང་རྩ་མེད་དུ་གཏོང་བའི་བར་རྒྱུན་མཐུད་བྱ་རྒྱུ་ཡིན་ཞེས་བཤད།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། པུའུ་ཨར་ཧན་གྱིས་ཉིན་དེར་རྒྱལ་ཁབ་དེའི་ཅེ་ཅི་ལ་མངའ་སྡེ་རུ་སྤྱི་དམངས་ལ་གཏམ་བཤད་སྤེལ་ནས། སུའུ་ཏན་བ་ཚང་མ“ལ་རྒྱ་དང་གཟི་བརྗིད་ཀྱི་འཐབ་འཁྲུག”ནང་ཞུགས་རྒྱུའི་འབོད་སྐུལ་བཏང་པ་དང“མཚོན་ཆ་བཀོལ་ཐུབ་པའི་མི་རྣམས”མྱུར་དུ་རོགས་སྐྱོར་དམག་དཔུང་གི་འཐབ་འཛིང་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་། པུའུ་ཨར་ཧན་གྱིས་ད་དུང་སུའུ་ཏན་མི་དམངས་ཀྱིས་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་རྒྱབ་སྐྱོར་བྱེད་མཁན་དང་ལེན་མི་བྱེད་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་ཞི་བདེ་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཅེས་ནན་བཤད་བྱས།
ད་ལོའི་ཟླ6པ་ནས་བཟུང་ཨ་རིས་གཙོ་ཁྲིད་དང་སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ་བཅས་ཞུགས་པའི་ཕྱོགས་བཞི་ཡིས་འདུམ་སྒྲིག་བྱས་ཏེ། སུའུ་ཏན་གྱི་གདོང་ཐུག་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པ་དང་གྲོས་མོལ་བྱས་པ་བརྒྱུད་ནས་ཐག་གཅོད་ཇུས་གཞི་བཟོ་བར་སྐུལ་འདེད་བཏང་། ཟླ་འདིའི་ཚེས11ཉིན་སུའུ་ཏན་གྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་མུའུ་ཞི་ཏིན·ས་ལི་མུའུ་ཡིས་ཨ་རིས་མགོ་ཁྲིད་པའི“ཕྱོགས་བཞིའི་བདེ་འཇགས་གླེང་མོལ”ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་གྲོས་ཆོད་ལ་གཞིགས་ནས་བཙུགས་པ་ཞིག་མིན་པ་དང་། སུའུ་ཏན་སྲིད་གཞུང་གཞུང་ཕྱོགས་ཀྱི་ཐོབ་ཐང་ཐོག་ནས་ལམ་སྲོལ་དེའི་ནང་ཞུགས་མེད་ཅེས་བཤད།
2023ལོའི་ཟླ4པའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གཉིས་ཀྱི་བར་ལ་རྒྱལ་ས་ཁར་ཐུའུ་མུའུ་རུ་དྲག་ཆས་གདོང་ཐུག་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་ཁྱབ་ཡོད། ལོ་གཉིས་ལྷག་ཙམ་ལ་རྒྱུན་འཁྱོངས་བྱས་པའི་དྲག་པོའི་གདོང་ཐུག་ལས་མི་སེར་འབོར་ཆེན་ཞིག་ལ་ཤི་རྨས་བྱུང་ཡོད་མོད། འོན་ཀྱང་གྲངས་ཀ་ངོ་མ་བསྡོམས་རྩིས་བྱེད་དཀའ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། སུའུ་ཏན་གྱི་མི་བྱེ་བ་ལྔ་ཙམ་གྱི་ཁྲོད་དུ། མི་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་ལྷག་ཙམ་ཡུལ་གྱར་བྱས་ཡོད་པ་དང་། མི་བྱེ་བ་གསུམ་ལྷག་ཙམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་གལ་བྱུང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།