
ཚེས14ཉིན་གྱི་དགོང་མོར། སུའེ་ཏེན་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་ཕྱི་དྲོ་སྤྱི་སྤྱོད་རླངས་འཁོར་ཞིག་གིས་རྒྱལ་ས་སི་ཐོག་ཁོར་མོ་གྲོང་ཁྱེར་ལྟེ་གནས་སུ་སྤྱི་སྤྱོད་རླངས་འཁོར་གྱི་འབབ་སྟེགས་སུ་རྡུང་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི3ལ་རྨས་ཕོག་ཡོད་ཅེས་བཤད།
སི་ཐོག་ཁོར་མོ་ཉེན་རྟོག་ཕྱོགས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཝེ་ཁེ་ཏཱ་ཨར་གྱིས་དགོང་མོ་དེར། མིག་སྔར་དོན་རྐྱེན་བྱུང་བའི་ཞིབ་ཕྲའི་རྒྱུ་རྐྱེན་ད་དུང་གསལ་པོ་ཤེས་ཀྱི་མེད་པ་དང་ཉེན་རྟོག་ཕྱོགས་ཀྱིས་ཁ་ལོ་བ་འཛིན་བཟུང་བྱས་ཡོད། བརྟག་དཔྱད་བྱས་པ་ལྟར་ན་དེ་ནི་འཇབ་རྒོལ་གྱི་དོན་རྐྱེན་ཞིག་ཡིན་པ་མཚོན་པའི་དཔང་རྟགས་ཅི་ཡང་མེད་ཅེས་བཤད།
རོགས་སྐྱོབ་རུ་ཁག་གི་རུ་དཔོན་ལའེ་ཝུའེ་སི་ཡིས་ས་གནས་དེའི་སྨྱན་བྱད་ལ་དོན་རྐྱེན་བྱུང་སྐབས་སྤྱི་སྤྱོད་རླངས་འཁོར་སྟེང་འགྲུལ་པ་མེད་པ་དང་། ཡུལ་དངོས་ཀྱི་རྨས་མ་ཚང་མ་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་ཡོད་ཅེས་བཤད། གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་གྱིས་ས་ཚིགས་ཀྱི་སྟེགས་བུར་རྡུང་རྗེས་སླར་ཡང་བར་ཐག་ངེས་ཅན་ཞིག་ལ་མདུན་དུ་བསྐྱོད་པ་དང་།སྡོང་བོ་ཞིག་ལ་རྡུང་རྗེས་ད་གཟོད་མཚམས་བཞག་པ་རེད་ཟེར།
ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་ཡུལ་ནི་སི་ཐོ་ཁོར་མོ་གྲོང་ཁྱེར་ལྟེ་གནས་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དང་སུའེ་ཏེན་གོང་མ་ཚང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཉེ་འགྲམ་རེད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།