ཨ་རི་དང་སུའེ་ཙེར་བར་ཉོ་ཚོང་གྲོས་མོལ་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ནའང་ལས་རིགས་ཀྱི་སེམས་ཁྲལ་སྔར་བཞིན་གནས་ཡོད། 
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཚེས14ཉིན།  ཨ་རིའི་ཕོ་བྲང་དཀར་པོའི་དྲ་ཚིགས་སྟེང་ཨ་རི་དང་སུའེ་ཙེར་བར་གྱི་ཉོ་ཚོང་གྲོས་མོལ་སྒྲོམ་གཞིའི་གྲོས་མཐུན་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས།   གསལ་བསྒྲགས་དེ་ལྟར་ན།  ཨ་རིས་སུའེ་ཙེར་ནས་ནང་འདྲེན་བྱས་པའི་ཐོན་རྫས་ལ་བསྡུ་བའི་སྒོ་ཁྲལ་གྱི་ཁྲལ་ཚད་མིག་སྔའི39%ནས15%བར་མར་ཆག་རྒྱུ་རེད།

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་དང་དཔལ་འབྱོར་དང་སློབ་ཞིབ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཕ་མུའུ་ལན་གྱིས་ཚོགས་པའི་སྣེ་ཁྲིད་དེ།   ཚེས13ཉིན་ཝ་ཧྲིན་ཐོན་དུ་ཨ་རིའི་ཚོང་དོན་འཐུས་མི་ཀེ་ལི་ཨེར་དང་ཚོང་དོན་གྲོས་མོལ་བྱས།   སྒྲོམ་གཞིའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་པའི་སུའེ་ཙེར་ཁེ་ལས་ཀྱིས་ཨ་རིར་མ་དངུལ་ཨ་སྒོར་ཁྲག་ཁྲིག་གཉིས་གཏོང་རྒྱུ་ཁས་ལེན་བྱས་པའི་ནང་།   2026ལོར་མ་དངུལ་གཏོང་ཚད་ཨ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བདུན་ཟིན་རྒྱུ་རེད།

རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་གཏོང་རྒྱུ་དང་།  2026ལོའི་ལོ་མགོར་གྲོས་མོལ་ལེགས་་འགྲུབ་བྱེད་པའི་འཆར་གཞི་ཡོད་ཅེས་བཤད།

ཟླ7པའི་ཟླ་མཇུག་ཏུ་ཨ་རིས་ཚོང་ལས་གྲོགས་པོ་མང་པོ་ཞིག་ལ“འདྲ་མཚུངས་སྒོ་ཁྲལ་”ཞེས་པའི་ཁྲལ་ཚད་ལེགས་སྒྲིག་བྱ་རྒྱུ་ཁྱབ་བསྒྲགས་བྱས་པའི་ནང་།   སུའེ་ཙེར་གྱི་ཁྲལ་ཚད39%ཟིན་ཡོད་པ་རེད། སྒོ་ཁྲལ་གྱི་ཁྲལ་ཚད་གསར་པ་ཟླ8པསི་ཚེས7ཉིན་དངོས་སུ་ནུས་པ་ཐོན་ཡོད། སུའེ་ཙེར་སྲིད་གཞུང་གིས་དེའི་ཐད་གསལ་བསྒྲགས་སྤེལ་ནས།   ཨ་རིའི་སྒོ་ཁྲལ་བྱེད་ཐབས་ཀྱིས་ཕྱིར་གཏོང་ཕྱོགས་སྟོན་དུ་བྱེད་པའི་སུའེ་ཙེར་གྱི་དཔལ་འབྱོར་ལ་གནོན་ཤུགས་ཧ་ཅང་ཆེན་པོ་བཟོས་པ་དང་།   སུའེ་ཙེར་གྱི་ཕྱིར་གཏོང་ཚོང་རྫས18%ཙམ་ཨ་རིར་ཕྱིར་ཚོང་བྱེད་པའི་ནང་བཅུ་ཆའི་དྲུག་ཙམ་ལ་སྒོ་ཁྲལ་དེའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བཤད།

སུའེ་ཙེར་གྱིས་ཨ་རིར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ནང་གཙོ་བོ་ཆུ་ཚོད་དང་སྨན་རྫས། ཁྲོག་ལེ།  མཛེས་འཆོས་བྱུག་རྫས་སོགས་འདུས་ཡོད། ཚེས14ཉིན་སུའེ་ཙེར་འཕྲུལ་ཆས་དང་གློག་ཤུགས་བཟོ་སྐྲུན་ལས་རིགས་མཐུན་ཚོགས་ཀྱིས་ཨ་རིས་སུའེ་ཙེར་གྱི་ཐོན་རྫས་ཀྱི་སྒོ་ཁྲལ15%བར་མར་བཅག་པ་དེ་ནི།  སུའེ་ཙེར་གྱི་ཐོན་སྐྱེད་ཚོང་པ་ཡོ་རོབ་མནའ་འབྲེལ་དང་ཡང་ན་འཇར་པན་གྱི་ཐོན་སྐྱེད་ཚོང་པ་དང་བསྡུར་ན་ཞན་ཆ་ཆེན་པོ་མེད་པར་བཟོས་པ་ཙམ་ལས་ཉེན་བརྡ་མེད་པར་བཟོས་པ་གཏན་ནས་མཚོན་གྱི་མེད་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།