
ཚེས14ཉིན། འཇར་པན་གྱི་ཞིང་ནགས་ཆུ་ཐོན་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། འཇར་པན་གྱི་ཁྲོམ་རའི་ནང་སྤྱི་རྒྱ5ཡོད་པའི་འབྲས་ཁུག་གཅིག་གི་ཆ་སྙོམས་ཀྱི་རིན་གོང་འཇར་པན་གྱི་སྒོར་མོ4316(ཧ་ལམ་མི་དམངས་ཤོག་སྒོར198དང་མཚུངས)བར་འཕར་ནས། ཡང་བསྐྱར་ཟིན་ཐོ་གསར་པ་བསྐྲུན་ཡོད། འཇར་པན་གྱི་མང་ཚོགས་མང་པོ་ཞིག་གིས་གལ་ཆེའི་ཟས་རིགས་གཙོ་བོ་དེ“རྒྱས་སྤྲོས་དངོས་རྫས”སུ་གྱུར་འདུག་ཅེས་སེམས་ཁུར་བྱེད་བཞིན་འདུག
ཞིང་ནགས་ཆུ་ཐོན་ཞིང་ཆེན་གྱིས་འཇར་པན་རྒྱལ་ཡོངས་ཀྱི་ཚོང་ཁང1000ཙམ་གྱི་འབྲས་རིན་གོང་ལ་བརྟག་དཔྱད་བྱས་པ་ལྟར་ན། ཟླ་འདིའི་ཚེས9ཉིན་བར་གྱི་གཟའ་འཁོར་གཅིག་གི་ནང་དུ་སྤྱི་རྒྱ5ཡོད་པའི་འབྲས་ཁུག་གཅིག་གི་ཆ་སྙོམས་ཀྱི་རིན་གོང་འཇར་པན་གྱི་སྒོར་མོ4316ཡིན་པ་དེ་བསྟུད་མར་གཟའ་འཁོར་གཉིས་ལ་རྒྱུན་སྲིང་ཡོད། སྐོར་དང་པོའི་རིན་གོང་འཕར་ཐེངས་དེ་ད་ལོའི་ཟླ5པར་སྤྱི་རྒྱ་ལྔ་ཡོད་པའི་འབྲས་ཁུག་གཅིག་གི་རིན་གོང་འཇར་པན་གྱི་སྒོར་མོ4285(མི་དམངས་ཤོག་སྒོར197)ཡི་ཟིན་ཐོ་གསར་དུ་བཏོད་པ་དེ་རེད།
འཇར་པན་གྱི་སྨྱན་བྱད་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། སྐོར་ཐེངས་གསར་པའི་འབྲས་ཀྱི་རིན་གོང་འཕར་བ་ནི་རིན་གོང་མཐོ་བའི་འབྲས་གསར་པ་ཁྲོམ་རར་བཏོན་ནས་སྤྱི་ཡོངས་ཀྱི་རིན་གོང་མཐོ་རུ་ཕྱིན་པ་དང་། དེ་བཞིན་རིན་གོང་བལྟོས་བཅས་ཀྱིས་དམའ་བའི་སྲིད་གཞུང་གི་གྲབས་གསོག་འབྲས་མཁོ་སྤྲོད་བྱེད་ཚད་ཇེ་ཉུང་དུ་ཕྱིན་པ་ལས་བྱུང་བ་རེད། མིག་སྔར་འཇར་པན་གྱི་སྒོ་རྩིས་ཚོང་ཁང་དུ་སྤྱི་རྒྱ5ཡོད་པའི་འབྲས་གསར་པ་ཁུག་མ་གཅིག་གི་རིན་གོང་ཡོངས་ཁྱབ་ཏུ་འཇར་པན་གྱི་སྒོར་མོ5000(མི་དམངས་ཤོག་སྒོར230)ལས་བརྒལ་ཡོད།
སྤྱི་ཚོགས་སྨྱན་བྱད་ལས་འཇར་པན་གྱི་མང་ཚོགས་མང་པོ་ཞིག་གིས་འབྲས་དེ“རྒྱས་སྤྲོས་དངོས་རྫས”སུ་གྱུར་ཡོད་པས། ཁོ་ཚོས་ཟ་མ་གཙོ་བོ་དེ་ཐུག་པ་སོགས་སུ་མི་སྒྱུར་ཐབས་མེད་བྱུང་ཞེས་བཤད་བཞིན་ཡོད། ད་དུང་དྲ་ལམ་དག་ནས་སང་ལོར་འཇར་པན་བའི་ཟ་མ་གཙོ་བོ་ནི་དབྱི་ཐ་ལིའི་ཐུག་པ་ཡིན་པ་དང་། སྒོ་རྩིས་ཚོང་ཁང་དག་ཏུ་དབྱི་ཐ་ལིའི་ཐུག་པའི་སྒམ་ཇེ་མང་དུ་སོང་འདུག་ཅེས་འཕྱ་སྨོད་བྱེད་བཞིན་ཡོད།
2024ལོའི་དབྱར་དུས་ནས་བཟུང་དྲོད་ཚད་ཧ་ཅང་མཐོ་བའི་དབང་གིས་འབྲས་ཀྱི་ཐོན་འབབ་ཞན་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ། འཇར་པན་གྱི་འབྲས་ཀྱི་རིན་གོང་མུ་མཐུད་དུ་འཕར་བ་རེད། ན་ནིང་ཟླ8པར་གནམ་གཤིས་སྡེ་ཁག་གིས་འཇར་པན་ཤར་རྒྱུད་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་ལྷོ་ཕྱོགས་རྒྱ་མཚོའི་གཞོང་དུ་ས་ཡོམ་ཆེན་པོ་འབྱུང་སྲིད་པའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པས། མང་ཚོགས་ཀྱིས་འབྲས་གསོག་ཉར་བྱས་ཏེ“འབྲས་དཀོན་པའི”གནས་ཚུལ་བྱུང་ཡོད།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྲི་ཕོ་མའོ་སྲིད་གཞུང་གིས་དེ་སྔ་ཁྲོམ་རར་སྲིད་གཞུང་གི་གསོག་འཇོག་འབྲས་བཏང་བ་དང་འབྲས་ཀྱི་རིན་གོང་སྐབས་ཤིག་མར་ཆག་ཡོད་པ་རེད། ཀའོ་ཧྲི་ཙུའོ་མུའོ་སྲིད་སྟེགས་སུ་བུད་རྗེས། གསར་དུ་བསྐོ་འཇོག་བྱས་པའི་ཞིང་ནགས་ཆུ་ཐོན་བློན་ཆེན་ལིན་ཅུའུ་ཞན་ཧོ་ཡིས་ཁྲོམ་རར་གྲབས་གསོག་བྱས་པའི་འབྲས་གཏོང་རྒྱུར་ངོ་རྒོལ་བྱས་ཏེ། ཡོང་འབབ་དམའ་བ་སོགས་དམིགས་བསལ་མི་ཚོགས་ལ་འབྲས་རི་གོང་གཅོག་པའི་འཛིན་ཤོག་སྤྲོད་རྒྱུའི་གྲོས་མགོ་བཏོན་པ་རེད།
འཇར་པན་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོང་ཁྱེར་ཁག་ཅིག་གིས་རང་འགུལ་ངང་འབྲས་རིན་གོང་གཅོག་པའི་འཛིན་ཤོག་སྤྲོད་མགོ་ཚུགས་ཡོད་པ་རེད། འོན་ཀྱང་ས་ཁུལ་ཁག་ཅིག་དུ་འབྲེལ་ཡོད་གོ་རིམ་དང་འབྲེལ་བ་ཡོད་པའི་མི་ཐབས་གྲོན་དངུལ་དང་སྦྲག་གྲོན་དེ་འབྲས་ཀྱི་ཕོག་སྡོམ་འཛིན་ཤོག་ལས་མཐོ་བས་བྱེད་ཐབས་དེ་རིགས་ལ་དོགས་འདྲི་བྱེད་ཀྱི་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།