
ཚེས14ཉིན། ཧང་ག་རིའི་ཙུང་ལི་ཨོ་ཨར་པན་གྱིས་ཡོ་རོབ་མནའ་འབྲེལ་གྱིས་ཟླ་བ་སྔོན་མར་བཏོན་པའི་ཨུ་རུ་སུའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པ་གཏན་འགོག་བྱ་རྒྱུའི་གཏན་འབེབས་དེ་“ཁྲིམས་མཐུན་མིན”པས་ཧང་ག་རིས་ཡོ་རོབ་མནའ་འབྲེལ་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བཤད།
ཧྥ་རན་སིའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨོ་ཨར་པན་གྱིས་ཧང་ག་རིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཐག་གཅོད་ཇུས་གཞི་དེ་ཡོ་རོབ་མནའ་འབྲེལ་གྱི་རིན་ཐང་ལྟ་བ་དང་རྒྱབ་འགལ་བྱས་ཡོད་པ་མངོན་གསལ་ཡིན་པས།ང་ཚོས་དང་ལེན་བྱེད་མི་སྲིད། ཡོ་རོབ་མནའ་འབྲེལ་གྱིས་དེ་ལྟར་བྱས་པ་ནི་འགལ་བ་ཡོད་པའི་རྒྱལ་ཁབ་ཅིག་གི་སྲིད་གཞུང་གཏོར་རྩིས་བྱས་པ་ཞིག་རེད། ང་ཚོས་ཡོ་རོབ་གླིང་གི་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བཤད།
ཡོ་རོབ་མནའ་འབྲེལ་གྱིས་ཟླ10པའི་ཟླ་མཇུག་ཏུ་ཨུ་རུ་སུར་བཀག་སྡོམ་ཐེངས19པ་བྱེད་པའི་ཆོག་མཆན་སྤྲད་པའི་ནང་། ཨུ་རུ་སུའི་གཤེར་འགྱུར་རང་བྱུང་སོལ་རླངས་ཡོ་རོབ་ཀྱི་ཁྲོམ་རར་ཞུགས་མི་ཆོག་པའི་ནང་དོན་འདུས་ཡོད། ཧྥ་རན་སིའི་གསར་འགྱུར་ཁང་གིས་ཕྱི་འབྲེལ་མི་སྣའི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཧང་ག་རི་དང་སི་ལོ་ཝ་ཁི་གཉིས་ཀྱིས་ཨུ་རུ་སུའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་མི་ཆོག་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
ཧང་ཀ་རི་ནི་ཡོ་རོབ་མནའ་འབྲེལ་གྱི་སྐམ་སའི་དབུས་ཁུལ་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་དང་། ནུས་རྒྱུ་མཁོ་སྤྲོད་དེ་ཨུ་རུ་སུར་ཆེས་ཆེར་བརྟེན་བཞིན་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་ཧང་ག་རིའི་རང་བྱུང་སོལ་རླངས74%དང་རྡོ་སྣུམ86%ཨུ་རུ་སུ་ནས་ནང་འདྲེན་བྱས་པ་རེད།
ཚེས14ཉིན། ཨོ་ཨར་པན་གྱིས་ད་དུང་ཁོས“བཅའ་ཁྲིམས་མིན་པའི”ཐབས་ལམ་གཞན་དག་འཚོལ་ཞིབ་བྱས་ནས། ཨུ་རུ་སུའི་རང་བྱུང་སོལ་རླངས་མུ་མཐུད་དུ་ནང་འདྲེན་བྱ་རྒྱུ་ཡིན་མོད། འོན་ཀྱང་ཁོས་གསལ་བཤད་ཞིབ་ཕྲ་བྱས་མེད་ཅེས་བཤད།
ཨོ་ཨར་པན་གྱིས་ཟླ་འདིའི་ཟླ་མགོར་ཨ་རིར་འཚམས་འདྲི་བྱས་ནས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཧང་ག་ལིར་ཨུ་རུ་སུའི་ནུས་རྒྱུ་གལ་ཆེ་བའི་རང་བཞིན་གསལ་བཤད་བྱས་ནས། ཨ་རི་ཕྱོགས་ལ་བཀག་སྡོམ་མེད་པར་བྱེད་པའི་རེ་འདུན་ཞུས། དེའི་རྗེས་སུ་ཨ་རི་ཕྱོགས་ཀྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཧང་ག་རི་ཡིས་ཨུ་རུ་སུ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཉོ་བར་ཨ་རི་ཕྱོགས་ཀྱིས་བཀག་སྡོམ་མི་བྱེད་པ་དང་ཁྲིམས་སྒོ་རང་བཙན་གྱི་དུས་ཡུན་ལོ་གཅིག་ཡིན་ཞེས་བཤད། འོན་ཀྱང་ཧང་ག་རི་ཕྱོགས་ཀྱིས་བཀག་སྡོམ་ཁྲིམས་སྒོ་རང་བཙན་གྱི་དབང་ཆར“དུས་བཀག་མེད”ཅེས་བཤད། ཚེས14ཉིན་ཨོ་ཨར་པན་གྱིས་དོན་དེ་བསྐྱར་བསྒྲགས་བྱས་ནས་དེ་ནི་ཁོ་དང་ཐི་ལིང་ཕུའུ་མི་སྒེར་བར་བཞག་པའི་གྲོས་མཐུན་ཞིག་ཡིན་པ་དང་། ཐི་ལིང་ཕུའུ་ཨ་རིའི་སྲིད་འཛིན་ཡིན་པའི་རིང་ལ་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ནུས་ལྡན་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།