
ཚེས15ཉིན་གྱི་དགོང་མོ། ཀྲུང་གོས་ཁུ་པར་རོགས་སྐྱོར་བྱེད་པའི་འཕྲལ་བསྟུན་མི་ཆོས་རིང་ལུགས་ཀྱི་དངོས་རྫས་ཁུ་པའི་རྒྱལ་ས་ཧ་ཝ་ན་དུ་འབྱོར། ཁུ་པའི་རྒྱལ་ནང་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཨ་ལ་སའེ་ལི་སི·ཁ་ཏུའོ་སུའོ·ཨེར་ནན་ཏེ་སི་དང་། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་མ་དངུལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཝ་སི། དེ་མིན་ཁུ་པར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཞིན་སོགས་དངོས་རྫས་བསྡུ་ལེན་བྱེད་པའི་མཛད་སྒོར་ཞུགས།
ཁ་ཏུའོ་སུའོ་ཡིས་ཤིས་ཚིག་འབུལ་སྐབས། ཁུ་པ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཐེངས་འདིའི་རོགས་སྐྱོར་དང་ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་དངོས་རྫས་དེ་དག་གིས་གནོད་འཚེ་ཐེབས་པའི་མི་དམངས་ལ་འཚོ་བའི་ཆ་རྐྱེན་དེ་ལས་ལེགས་པོ་མཁོ་འདོན་བྱས་ནས། ཁུ་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད། ཀྲུང་གོའི་དགེ་སྒྲུབ་ཀྱིས་ཁུ་པའི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྔར་ལས་གཏིང་ཟབ་དང་སྲ་བརྟན་དུ་བཏང་ཡོད་ལ་ཀྲུང་གོ་ཕྱོགས་ཀྱི་ཐུགས་ཁུར་དང་འགན་འཁུར་ཡང་མཚོན་ཡོད་ཟེར།
ཧྭ་ཞིན་གྱིས་ཐེངས་འདིར་འཕྲལ་བསྟུན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མགྱོགས་མྱུར་དོན་འཁྱོལ་བྱས་པ་དེས་ཀྲུང་གོ་དང་ཁུ་པའི་དམིགས་བསལ་གྱི་མཛའ་བརྩེ་འབྲེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་སླར་ཡང་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་ཕྱོགས་ལ་མུ་མཐུད་དུ་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱས་ནས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཞད།
རྒྱ་མཚོའི་རླུང་འཚུབ་“མེ་ལི་ཧྲ”ཡིས་ཟླ10པའི་ཟླ་མཇུག་ཏུ་ཁུ་པའི་ཤར་རྒྱུད་ཀྱི་ཞིང་ཆེན་མང་པོ་ཞིག་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཉེ་སྔོན་གནོད་འཚེ་སྔོན་འགོག་ཐད་ཞལ་འདེབས་ཕུལ་བའི་དངོས་རྫས་ཀྱི་རྨང་གཞིའི་སྟེང་། ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་ཁུ་པ་ཕྱོགས་ལ་བཟའ་བཅའ་དང་། འཁྱེར་བདེའི་ཉི་ནུས་གློག་སྒྲོན་སྒྲིག་ཆས། ཁྱིམ་ཆས་དང་དེ་མིན་ཁང་ཀླད་ཉམས་གསོ་ཨར་ལས་རྒྱུ་ཆ་སོགས་འཕྲལ་བསྟུན་མི་ཆོས་རིང་ལུགས་ཀྱི་དངོས་རྫས་ཁག་ཅིག་མཁོ་འདོན་བྱས་པ་རེད། ཐེངས་འདིར་སྐྱེལ་འདྲེན་བྱས་པ་ནི་ཐོག་མའི་ཟས་རིགས་སྐོར་ཡིན་ཞིང་། དེའི་རྗེས་སུ་མུ་མཐུད་དུ་ད་དུང་ཟས་རིགས་ཁག5གཅིག་རྗེས་གཉིས་མཐུད་ངང་ཁུ་པར་མཁའ་ཐོག་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། དངོས་རྫས་གཞན་དག་མི་འགྱངས་པར་མཚོ་ཐོག་སྐྱེལ་འདྲེན་བརྒྱུད་ནས་ཁུ་པར་སྐྱེལ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།