
ཚེས15ཉིན། ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་དེའི་ནན་ཝེར་ཧྲི་མངའ་སྡེ་གསར་པའི་བྱང་རྒྱུད་གྲོང་ཁྱེར་དང་གྲོང་རྡལ་ཝོ་ཨར་ཁ་རུ་དགོང་མོར་བསྡུས་པའི“རླངས་འཁོར་གདོང་ཐུག་འགྲན་བསྡུར་ཆེན་མོའི”ཁྲོད། འགྲན་བསྡུར་རླངས་འཁོར་ཞིག་གིས་ར་སྐོར་གཏོར་ནས་ལྟད་མོར་ལྟ་སའི་སྟེགས་བུར་རྡུང་སྟེ་མི9ལ་རྨས་ཕོག་པ་དང་། དེའི་ནང་གི་མི1ལ་རྨས་སྐྱོན་ལྗིད་མོ་ཕོག་ཡོད་པར་བཤད།
ཚེས15ཉིན། ནན་ཝེར་ཧྲི་མངའ་སྡེ་གསར་པའི་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་མྱུར་དུ་རྨས་མ་བསྐྱབས་པ་དང་། དེའི་རྗེས་སུ་ཡུལ་དངོས་སུ་ཐོན་པའི་མྱུར་སྐྱོབ་མི་སྣས་སྐྱེས་པ7དང་བུད་མེད2བཅས་རྨས་ཕོག་མཁན་རྣམས་ས་གནས་དེའི་སྨན་ཁང་དུ་བསྐྱལ། དེའི་ནང་ལོ54ལ་སླེབས་པའི་སྐྱེས་པ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། གཞན་ཡང་མི3གྱི་རྨས་སྐྱོན་ཀྱང་ཚབས་ཆེ་བར་བཤད།
ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་དང་འབྲེལ་བ་ཡོད་པའི་འགྲན་བསྡུར་རླངས་འཁོར་དེའི་ཁ་ལོ་པས་འགྲན་བསྡུར་ཁྲོད་འགྲན་བསྡུར་རླངས་འཁོར་གཞན་ཞིག་དང་གདོང་ཐུག་བརྒྱབ་རྗེས་ཁོའི་ཚོར་བ་ཉམས་པ་དང་། ཁོའི་རྐང་པ་སྣུམ་སྒོའི་སྟེང་དུ་སྤོས་ཡོད་པས་རླངས་འཁོར་འདུག་མཚམས་འཇོག་ཐབས་བྲལ་ཏེ། མཐར་ར་སྐོར་གཏོར་ནས་ལྟད་མོར་ལྟ་སའི་སྟེགས་བུར་རྡུང་ཐུག་བྱུང་བར་བཤད།
ཝོ་ཨར་ཁ་ནི་ནན་ཝེར་ཧྲི་མངའ་སྡེ་གསར་པའི་ལྟེ་བའི་གྲོང་ཁྱེར་ཞི་ཉི་དང་བྱང་ཕྱོགས་ཀྱི་སྤྱི་ལེ320ཡི་སར་ཡོད། ལོ་གཅིག་གི་ཝོ་ཨར་ཁ་ཡི་འཕྲུལ་རྟའི་འཐེན་ཤུགས་འགྲན་བསྡུར་ཟླ11པའི་ཚེས་14དང15ཉིན་སྤེལ་བཞིན་ཡོད་པ་དང་། དེའི་ནང་འཕྲུལ་རྟ་དང་རླངས་འཁོར་ལ་འབྲེལ་བ་ཡོད་པའི་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པ་འདུས་ཡོད། ངོ་སྤྲོད་བྱས་པ་ལྟར་ན།“རླངས་འཁོར་གདོང་ཐུག་འགྲན་བསྡུར་ཆེན་མོ”ནི་འགྲན་བསྡུར་རླངས་འཁོར་ཕན་ཚུན་གདོང་ཐུག་བྱེད་ཆོག་པའི་འགྲན་བསྡུར་གྱི་རྣམ་པ་ཞིག་ཡིན་ཞིང་། འགྲན་བསྡུར་བྱས་རྗེས་སྔར་བཞིན་འཁོར་ཐུབ་པའི་འགྲན་བསྡུར་རླངས་འཁོར་མཐའ་མ་དེར་རྒྱལ་ཁ་ཐོབ་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།