
འཇར་པན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་15ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ། རྩ་ཁྲིམས་དམངས་གཙོ་ཏང་གི་མགོ་ཁྲིད་པ་ཡེ་ཐེན་ཅ་ཡན་གྱིས་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མའོ་ཡིས“ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་བྱེད་དགོས་ཞེས་བཤད།
འཇར་པན་སྐབས་དོན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཡེ་ཐེན་གྱིས་ཀའོ་ཧྲིས“ཉིང་རྡུལ་མེད་པའི་རྩ་དོན་གསུམ”ལ་བཟོ་བཅོས་རྒྱག་སྲིད་པའི་གནད་དོན་ཐད་ནས། ཀའོ་ཧྲིས་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་འདེམས་བསྐོ་བྱེད་སྐབས་སུ་གནད་དོན་དེའི་སྐོར་ཧ་ལམ་གླེང་མེད། ད་ལྟ་གློ་བུར་དུ་བྱ་སྤྱོད་དེ་སྤེལ་བ་དེས་མི་རྣམས་ལ་གློ་བུར་བའི་ཚོར་བ་ཞིག་སྐྱེས་སུ་བཅུག་སོང་ཞེས་བཤད།
འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས14ཉིན་འཇར་པན་སྲིད་གཞུང་གི་ཆ་འཕྲིན་མི་སྣ་མང་པོ་ཞིག་གིས་ཀའོ་ཧྲིས《རྒྱལ་ཁབ་བདེ་འཇགས་འགན་ལེན་འཐབ་ཇུས》སོགས“བདེ་སྲུང་ཡིག་ཆ་གསུམ”བཟོ་བཅོས་རྒྱག་སྐབས། “ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”གྱི་ཁྲོད། ཉིང་རྡུལ་མཚོན་ཆ་ནང་འདྲེན་མི་བྱེད་པའི་རྩ་དོན་ལ་བཟོ་བཅོས་རྒྱག་པའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་བཤད།
ཉེ་སྔོན་ཀའོ་ཧྲི་ཡིས་རྒྱལ་ཚོགས་སུ་རྩོད་ལན་འདེབས་སྐབས། འཇར་པན་སྲིད་གཞུང་གིས་སང་ལོར་སྤེལ་འཆར་ཡོད་པའི“བདེ་སྲུང་ཡིག་ཆ་གསུམ”བཟོ་བཅོས་རྒྱག་སྐབས། “ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་བྱེད་མིན་ཐད་རྣམ་འགྱུར་གསལ་པོ་མ་བསྟན་པར་གཡོལ་ཐབས་བྱས་པ་རེད།
“ཉིང་རྡུལ་མེད་པའི་རྩ་དོན་གསུམ་”ཞེས་པ་ནི་ཉིང་རྡུལ་མཚོན་ཆ་མེད་པ་དང་། བཟོ་སྐྲུན་མི་བྱེད་པ། ནང་འདྲེན་མི་བྱེད་པ་བཅས་ལ་ཟེར། 1967ལོར་སྐབས་དེ་དུས་ཀྱི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཙུའོ་ཐེང་རུང་ཙུའོ་ཡིས་རྒྱལ་ཚོགས་སུ་གཏམ་བཤད་སྤེལ་སྐབས། “ཉིང་རྡུལ་མེད་པའི་རྩ་དོན་གསུམ”བཏོན་ཡོད། རྩ་དོན་འདིར1971ལོར་འཇར་པན་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་ནས། ཉིང་རྡུལ་མཚོན་ཆའི་སྐོར་གྱི་འཇར་པན་སྲིད་གཞུང་གི་གཞི་རྩའི་སྲིད་ཇུས་སུ་གྱུར། 2022ལོར་འཇར་པན་སྲིད་གཞུང་གྲོས་འཆམ་བྱུང་བའི“བདེ་སྲུང་ཡིག་ཆ་གསུམ”གྱི་ནང་དུའང“ཉིང་རྡུལ་མེད་པའི་རྩ་དོན་གསུམ”རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ལ་འགྱུར་ལྡོག་གཏོང་མི་སྲིད་ཅེས་གསལ་བོར་བཀོད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།