
ཚེས15ཉིན་སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སི་རི་ཡའི་སྲིད་དབང་ནང་སྲིད་སྡེ་ཁག་གི་གནས་ཚུལ་དྲངས་ནས་བཤད་པ་ལྟར་ན། རྒྱལ་ཁབ་དེའི་དབུས་རྒྱུད་ཧོ་མུའུ་སི་ཞིང་ཆེན་གྱི་ནུབ་རྒྱུད་གྲོང་གསེབ་ཀྱི་ཁ་ཧྥེ་ཁང་ཞིག་ཏུ་དགོང་མོ་དེར་དམིགས་ཡུལ་མེད་པར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་ཕོག་ཡོད་ཟེར།
གནས་ཚུལ་སྤེལ་བ་ལྟར་ན། མེ་མདའ་རྒྱག་མཁན་གྱི་ཐོབ་ཐང་མི་ཤེས་པ་དང་། སི་རི་ཡའི་སྲིད་དབང་ནང་སྲིད་སྡེ་ཁག་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཡུལ་དངོས་བཀག་སྡོམ་དང་།དོན་རྐྱེན་གྱི་བརྒྱུད་རིམ་ལ་བརྟག་དཔྱད་བཅས་བྱས་ནས། མི་གསོད་མཁན་འཛིན་བཟུང་བྱས་ཏེ་སྤྱི་པའི་བདེ་འཇགས་འགན་ལེན་བྱས་ཡོད།
ཉེ་ལམ་སི་རི་ཡའི་བདེ་འཇགས་གནས་བབ་བརྟན་པོ་མིན། ཚེས་14ཉིན་གྱི་དགོང་མོར་རྒྱལ་ས་ཏ་མ་ཧྲི་ཁི་རུ་འབྱུང་ཁུངས་གསལ་བོར་མི་ཤེས་པའི“ཁ་ཆིའུ་ཧྲ”མེ་ཤུགས་འཕུར་མདེལ་གཉིས་ཀྱི་འཇབ་རྒོལ་ཐེབས་ནས་མི་སེར་མང་པོ་ཞིག་ལ་རྨས་ཕོག་པ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་ཡོད། ཡུན་རིང་མ་འགོར་བའི་སྔོན་ལ་སི་རི་ཡའི་སྲིད་དབང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་ལྷག་ལུས་སྟོབས་ཤུགས་ལ་དམིགས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ནས་དོགས་ཡོད་མི་སྣ70ལྷག་ཙམ་འཛིན་བཟུང་བྱས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།