
ནེ་ཀྲི་རི་ཡཱའི་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པུས་མངའ་སྡེའི་གཞུང་བཙུགས་བུད་མེད་སློབ་འབྲིང་ཞིག་ལ་ཚེས17ཉིན་གྱི་ཞོགས་པར་ཇག་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སློབ་མ25བཙན་ཁྲིད་བྱས་པ་དང་། སློབ་གྲྭའི་ལས་བྱེད་མི་སྣ་གཅིག་བསད་ཡོད་ལ། གཞན་ཡང་ལས་བྱེད་མི་སྣ་གཅིག་ལ་རྨས་ཕོག་ཡོད་ཟེར།
ཁའེ་པུས་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། དོན་རྐྱེན་བྱུང་སའི་སློབ་གྲྭ་ནི་ཁའེ་པུས་མངའ་སྡེའི་ཏན་ཁི་ཝ་སཱ་ཀུའུ་ས་གནས་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་གཞུང་བཙུགས་བུད་མེད་ཕྱོགས་བསྡུས་སློབ་འབྲིང་ཞིག་ཡིན་པ་དང་། ཇག་པ་དེ་དག་སློབ་གྲྭའི་ར་ཁར་འགོས་ནས་སློབ་གྲྭའི་ནང་ཡོང་བ་ཡིན་ལ། ཉུང་མཐར་ཡང་བཅའ་སྡོད་སློབ་མ25བཙན་ཁྲིད་བྱས་པ་དང་གར་ཁྲིད་གསལ་བོར་མི་ཤེས་ཟེར།
ས་གནས་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། གར་སོང་མ་རྙེད་པའི་སློབ་མའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་པ་དང་། སྲིད་གཞུང་དམག་དཔུང་གིས་འཚོལ་བཤེར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།