ཧྥེ་ལེ་པེན་གྱི་རྒྱལ་ས་ནས་གཞི་རྒྱ་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་བསྟུད་མར་ཉིན་འགའི་རིང་ལ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། མང་ཚོགས་འབུམ་ཕྲག་འགའ་ལེ་ཁྲ་སྤྱི་གླིང་སོགས་སུ་འདུས་ནས་ཆུ་ལོག་སྔོན་འགོག་གི་བཟོ་སྐྲུན་གྱི་རུལ་སུངས་གནས་ཚུལ་ལ་ངོ་རྒོལ་བྱས་པ་དང་། འབྲེལ་ཡོད་གནད་དོན་ཐད་ནས་དྲང་བདེན་དང་མངོན་གསལ་གྱིས་རྟོག་ཞིབ་དང་འདྲི་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་དེ་ཚེས16ཉིན་ནས་ཚེས18ཉིན་བར་བསྟུད་མར་ཉིན་གསུམ་ལ་སྤེལ་བར་གཏན་འཁེལ་བྱས་ཡོད་ཀྱང་། རྩ་འཛུགས་ཕྱོགས་ཀྱིས་ཚེས17ཉིན་གྱི་དགོང་མོར་སྔ་མོ་ནས་མཇུག་སྒྲིལ་བ་དང་། རྒྱུ་མཚན་ནི་ཉིན་གསུམ་ལ་སྤེལ་བའི་དགོས་གལ་མེད་པ་ཁྱབ་བསྒྲགས་བྱས། རྩ་འཛུགས་ཕྱོགས་ཀྱིས་དེའི་སྔོན་གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་ལས་གཙོ་བོ་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་ལ་རྟོག་ཞིབ་གསལ་བོ་བྱེད་པ་དང་། འབྲེལ་ཡོད་ཀྱི་དཔོན་རིགས་དང་ཁྲིམས་འཛུགས་མཁན། འགན་ལེན་ཚོང་བ་བཅས་ཀྱི་འགན་འཁྲི་བརྩད་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

མཱ་ནེ་ལཱའི་གནོད་སེལ་ཉེན་ཁའི་དོ་དམ་གཞུང་སྒྲུབ་ཁང་གིས་ཚེས16ཉིན་བསྡོམས་རྩིས་བྱས་པ་ལྟར་ན། མི་འབུམ་དྲུག་དང་ཁྲི་ལྔ་ཙམ་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཡོད་པ་དང་། ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་ཚེས17ཉིན་བསྟན་དོན། ཉེན་རྟོག་པ་ཁྲི་གཅིག་དང་སྟོང་དྲུག་ཙམ་མངགས་ནས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་བྱས་ཡོད་ཟེར།

བསྟུད་མར་ཟླ་འགའི་རིང་ལ། ཧྥེ་ལེ་པེན་གྱི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་གྱི་རུལ་སུངས་གནད་དོན་ལ་སྤྱི་ཚོགས་སྟེང་དོ་སྣང་ཆེན་པོ་བྱས་པ་དང་། ཆུ་ལོག་སྔོན་འགོག་ཐད་བཀོལ་བའི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་མང་བོ་དངོས་སུ་མེད་པའམ་རྒྱུ་ཆ་ཇེ་ཉུང་དུ་བཏང་བའི་གནས་ཚུལ་ཡོད་པ་རེད། ཟླ9བའི་ཚེས21ཉིན། མཱ་ནེ་ལཱ་དང་གྲོང་ཁྱེར་གཞན་པ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་བྱུང་། མི་འབུམ་གཅིག་ཙམ་དེར་ཞུགས་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་མི216འཛིན་བཟུང་བྱས་ཡོད་པ་དང་། ཉུང་མཐར་ཡང་མི1རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་རེད། དེའི་རྗེས་སུ་མཱ་ནེ་ལཱ་སོགས་ས་ཁུལ་དུ་གཟའ་འཁོར་རེ་རེར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱུང་བ་རེད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་རྗེས་སུ། ཚོགས་ཁག་སྐོར་ཞིག་གིས་ད་རུང་ཟླ་འདིའི་ཚེས30ཉིན་ཡང་བསྐྱར་ཟབ་ཞུགས་མཁན་མི་འབུམ་གཅིག་ལས་བརྒལ་བའི་གཞི་རྒྱ་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།