ཝུའུ་ཁི་ལན་དང་ཧྥ་རན་སི་ཡིས་འཐབ་འཛིང་གནམ་གྲུའི་ཉོ་བསྡུའི་རེ་འདོད་ཡི་གེ་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས17ཉིན་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ལ་ཐུག་འཕྲད་བྱས་རྗེས་སྨྱན་བྱད་ལ་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་དང་ཧྥ་རན་སི་ཡིས་འཐབ་འཛིང་གནམ་གྲུ100ཉོ་བསྡུ་བྱེད་པའི་རེ་འདོད་ཡི་གེ་བཀོད་ཟེར།

མཱ་ཁི་ལུང་གིས་ཙེ་ལིན་སི་ཅི་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་དང་ཝུའུ་ཁི་ལན་གྱིས་མ་འོངས་པའི་ལོ་ངོ་བཅུའི་ནང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན། ཝུའུ་ཁི་ལན་གྱིས་མ་འོངས་པའི་ལོ་ངོ་བཅུའི་ནང་ཧྥ་རན་སི་ནས་འཐབ་འཛིང་གནམ་གྲུ100ཉོ་བསྡུ་བྱེད་རྒྱུ་ཡིན་ལ། ཧྥ་རན་སི་ཡིས་མ་འོངས་པའི་ལོ་ངོ་གསུམ་ནང་ད་རུང་ཝུའུ་ཁི་ལན་ལ་མི་མེད་གནམ་གྲུ་རྩིས་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དེ་དམག་དོན་ཁྱབ་ཁོངས་ཙམ་མ་ཡིན་པར། དམངས་བཀོལ་དང་དཔལ་འབྱོར་ཁྱབ་ཁོངས་ལའང་ཁེབས་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཧྥ་རན་སི་ནས་འཐབ་འཛིང་གནམ་གྲུ་ཉོ་བསྡུ་བྱས་པར་ལོ་རྒྱུས་རང་བཞིན་ལྡན་ཟེར།

ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་རེ་འདོད་ཡི་གེ་དེའི་ནང་དུ། ཝུའུ་ཁི་ལན་གྱིས་ཧྥ་རན་སི་ནས་ལེ་ཏཱའི་མ་ལག་དང་མཁའ་སྲུང་མ་ལག མི་མེད་གནམ་གྲུ་སོགས་ཉོ་བསྡུ་བྱེད་པ་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།