
ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཚེས17ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ལེ་པཱ་ནུན་གྱི་གཏན་འཇགས་ལ་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱས་པར་མ་ཟད། དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་བསྟུད་མར་གནས་བབ་ཛ་དྲག་ཏུ་བཏང་བར་རྒོལ་གཏམ་བཏང་།
ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་གློག་སྒྲོན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ཞི་མུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་ཇུས་ཀྱིས་ལེ་པཱ་ནུན་གྱི་དཔལ་འབྱོར་ཉམས་ཉེན་ལ་འགན་ཁུར་དགོས་ཤིང་། དངུལ་ཁང་མ་ལག་གི་ཉམས་རྒུད་དང་དངུལ་ལོར་གྱི་འཛའ་ཐང་ཉམས་པ། འབར་རྫས་དང་གློག་ཤུགས་དཀོན་པ་སོགས་གནད་དོན་འདུས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ལེ་པཱ་ནུན་གྱི་ཆབ་སྲིད་སྟོབས་ཤུགས་རེ་འགའ་ཚོད་འཛིན་བྱས་ཏེ་རང་གི་ཁེ་ཕན་ལ་ཞབས་འདེགས་བྱེད་དུ་འཇུག་བཞིན་ཡོད། ལེ་པཱ་ནུན་གྱི་འཇོན་མི་རེ་འགའ་ཕྱི་རྒྱལ་གྱི་ཚབ་སྒྲུབ་མི་སྣར་གྱུར་ཡོད་ལ། ཁོ་ཚོས་ཕྱི་རྒྱལ་གྱི་གྲོས་རིམ་ལ་སྐུལ་འདེད་བཏང་སྟེ་ལེ་པཱ་ནུན་རྒྱལ་ཁབ་ཀྱི་བདག་དབང་ལ་གཏོར་བརླག་བྱེད་བཞིན་ཡོད་ཟེར།
ཁཱ་ཞི་མུའུ་ཡིས་ཨ་མེ་རི་ཁས་ཉེ་སྔོན་ཀྲིན་ཀྲུའུ་ཏང་ལ་བཀག་སྡོམ་བྱེད་ཐབས་སྤྱད་པར་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། འབྲེལ་ཡོད་བྱེད་ཐབས་ཀྲིན་ཀྲུའུ་ཏང་ལ་དམིགས་པར་མ་ཟད། སྔར་ལས་མང་བའི་ལེ་པཱ་ནུན་གྱི་མང་ཚོགས་ལ་གནོད་པ་ཐེབས་ཡོད་ཟེར།
ཁཱ་ཞི་མུའུ་ཡིས་ད་རུང་བཤད་རྒྱུར། ཉེ་སྔོན་དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བསམ་བཞིན་དཀྲུག་འཕེན་བྱས་པ་དང་། དེའི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་དམག་དོན་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཇེ་ཞན་དུ་གཏོང་བའི་ཆེད་དུ་རེད་ཟེར། ཁོས་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་ཤིང་ལེ་པཱ་ནུན་དང་དབྱི་སི་རལ་བར་གྱི་གནས་སྐབས་རྒྱལ་མཚམས་ས་ཁུལ་དུ་གནོད་སྐྱེལ་བར་རྒོལ་གཏམ་བཏང་། ཁོས་དབྱི་སི་རལ་བར་མཉམ་ལས་བྱེད་པའི་ལེ་པཱ་ནུན་གྱི་སྟོབས་ཤུགས་གང་ཡིན་ཡང་བཙན་འཛུལ་མཁན་ལ་རོགས་འདེགས་བྱས་པ་རེད་ཟེར།
ཁཱ་ཞི་མུའུ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་རང་ཉིད་ནི་ལེ་པཱ་ནུན་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་སུ་རློམ་ཡོད་པ་དང་། ལེ་པཱ་ནུན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་སྲུང་འཛིན་དང་ཕྱི་ཕྱོགས་ཐེ་གཏོགས་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། ཀྲིན་ཀྲུའུ་ཏང་དང་དེའི་མནའ་མཐུན་གྲོགས་པོས་མུ་མཐུད་དུ་ལེ་པཱ་ནུན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་དང་དབྱི་སི་རལ་གྱི་འགུལ་སྐྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།