ཨ་མེ་རི་ཁའི་དམག་དཔུང་གིས་ཐིས་ཧྥུན་ཞེས་པའི་འབྲིང་འཕེན་འཕུར་མདའི་མ་ལག་འཇར་པན་ནས་ཕྱིར་འཐེན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཇར་པན་འགོག་སྲུང་པུའུ་ཡིས་ཚེས17ཉིན་ཧྲན་ཁུག་རྫོང་ཡན་གོ་གྲོང་ཁྱེར་གྱིས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ས་དེར་བཀོད་སྒྲིག་བྱས་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་ཐིས་ཧྥུན་རྟགས་ཅན་གྱི་འབྲིང་འཕེན་འཕུར་མདའི་མ་ལག་ཕྱིར་འཐེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས། ཕྱིར་འཐེན་གྱི་དུས་ཚོད་དེ་སྔོན་གྱི་འཆར་གཞི་ལས་འགོར་འགྱངས་མང་ཙམ་བྱས་ཡོད་ཟེར།

འཇར་པན་རང་སྲུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ9བའི་ཚེས11ཉིན་ནས་ཚེས25ཉིན་བར་འཇར་པན་ཅིག་ཀྲོའུ་སོགས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། དེའི་སྐབས་སུ་ཨ་མེ་རི་ཁའི་དམག་དཔུང་གིས་འཇར་པན་དུ་ཐོག་དང་པོར་ཐིས་ཧྥུན་ཞེས་པའི་འབྲིང་འཕེན་འཕུར་མདའི་མ་ལག་བཀོད་སྒྲིག་བྱས་པ་རེད།

འཇར་པན་ཐུན་མོང་ཚོགས་པས་ཚེས10ཉིན་ཡན་གོ་གྲོང་ཁྱེར་གྱི་གནས་ཚུལ་དྲངས་ནས་བསྒྲགས་པ་ལྟར་ན། འགོག་སྲུང་པུའུ་ཡིས་དེའི་སྔོན་དམག་དོན་སྦྱོང་བརྡར་མཇུག་རྫོགས་ཀྱི་རྗེས་གཟའ་འཁོར་གཅིག་ཡས་མས་སུ་མ་ལག་དེ་ཕྱིར་འཐེན་བྱེད་རྒྱུའི་ཚུལ་བསྟན་མྱོང་ཡོད་ཟེར།

འཇར་པན་ཀོང་ཏའོ་རྫོང་དང་ཧྲན་ཁུག་རྫོང་གི་གྲོང་ཁྱེར་སྡོད་དམངས་ཚོགས་པས་ཚེས10ཉིན་རེ་འདོད་ཡི་གེ་སྤྲད་དེ། འཇར་པན་སྲིད་གཞུང་གིས་ཨ་མེ་རི་ཁའི་དམག་དཔུང་གིས་ཧྲན་ཁུག་རྫོང་ཡན་གོ་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་པའི་ཐིས་ཧྥུན་ཞེས་པའི་འབྲིང་འཕེན་འཕུར་མདའི་མ་ལག་ཕྱིར་འཐེན་བྱེད་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་མིང་ལ་བརྟེན་ནས་གནས་སྐབས་སུ་བཀོད་སྒྲིག་བྱས་པ་དེ་རྒྱུན་རྣམ་དུ་འགྱུར་བར་སེམས་ཁུར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།