ལྷོ་ཁོ་རེ་ཡཱའི་དམག་ཕྱོགས་ཀྱིས་ཁོ་རེ་ཡཱ་ལྷོ་བྱང་གི་དམག་དོན་གྲོས་མོལ་སྤེལ་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གྲོས་གཞི་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ལྷོ་ཁོ་རེ་ཡཱའི་རྒྱལ་སྲུང་པུའུ་ཀྲང་གིས་བསྒྲགས་པ་ལྟར་ན། ལྷོ་ཁོ་རེ་ཡཱའི་དམག་ཕྱོགས་ཀྱིས་ཚེས17ཉིན་དངོས་སུ་བྱང་ཁོ་རེ་ཡཱ་ལ་ལྷོ་བྱང་གི་དམག་དོན་གྲོས་མོལ་སྤེལ་ཏེ། ལྷོ་བྱང་གི་མཐའ་མཚམས་ཀྱི་དམག་དོན་མིན་པའི་ས་ཁུལ་གྱི་དམག་དོན་རྒྱལ་མཚམས་གཏན་འཁེལ་བྱེད་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱས་ནས། ཕྱོགས་གཉིས་བར་ཐོལ་བྱུང་གི་འཁྲུག་རྩོད་འབྱུང་བར་སྔོན་འགོག་དང་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།

ལྷོ་ཁོ་རེ་ཡཱའི་རྒྱལ་སྲུང་པུའུ་ཡི་རྒྱལ་སྲུང་སྲིད་ཇུས་ཁང་གི་འགོ་བ་ཅིན་ཧོང་ཁྲུ་ཡིས་ཚེས17ཉིན་གྱི་ཕྱི་དྲོར་བྱང་ཁོ་རེ་ཡཱ་ལ་དམིགས་པའི་གཏམ་བཤད་སྤེལ་ཏེ། བྱང་ཁོ་རེ་ཡཱའི་དམག་ཕྱོགས་ཀྱིས་ཉེ་སྔོན་ལྷོ་བྱང་མཐའ་མཚམས་ས་ཁུལ་གྱི་དམག་དོན་མིན་པའི་ས་ཁུལ་ནང་གི་དམག་དོན་རྒྱལ་མཚམས་ནས་འཐབ་རྩལ་གཞུང་ལམ་ལས་པ་དང་ལྕགས་ར་འཐེན་ནས་ས་འོག་འགད་རྫས་སྦས་པ་དང་། མི་སྣ་སྐོར་ཞིག་ཐེངས་མང་བོར་དམག་དོན་རྒྱལ་མཚམས་བརྒལ་ནས་ཧན་གོའི་ས་ཁོངས་སུ་ཡོང་བ་རེད། དེའི་ཐད་ནས་ལྷོ་ཁོ་རེ་ཡཱའི་དམག་ཕྱོགས་ཀྱིས་ཉེན་བརྡ་གཏོང་བའི་རྒྱང་སྒྲོག་དང་མེ་མདས་བརྒྱབ་ནས་ཉེན་བརྡ་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། བྱང་ཁོ་རེ་ཡཱའི་དམག་མི་དག་དམག་དོན་རྒྱལ་མཚམས་བྱང་ངོས་སུ་མཐར་སྐྲོད་བཏང་། གནས་ཚུལ་དེ་འདྲ་མུ་མཐུད་དུ་བྱུང་བའི་དབང་གིས་ལྷོ་བྱང་མཐའ་མཚམས་ཀྱི་དམག་དོན་མིན་པའི་ས་ཁུལ་ནང་གི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་ལ། སེམས་ཆུང་མ་བྱས་ན་ལྷོ་བྱང་བར་གྱི་དམག་དོན་འཁྲུག་རྩོད་དུ་འགྱུར་ཉེན་ཡོད་ཟེར།

ཅིན་ཧོང་ཁྲུ་ཡིས་བསྟན་དོན། གྲོས་མོལ་གྱི་བྱེ་བྲག་གི་ཉིན་རིམ་དང་ས་གནས་སོགས་ལ་པན་མིན་ཏེན་བརྒྱུད་དེ་གྲོས་མོལ་བྱས་ཆོག ལྷོ་ཁོ་རེ་ཡཱ་ཡིས་བྱང་ཁོ་རེ་ཡཱ་ཡིས་གྲོས་གཞི་དེར་མགྱོགས་མྱུར་ངང་ལན་སྟེར་བར་རེ་སྒུག་བྱས་ཡོད་ཟེར།

ལྷོ་ཁོ་རེ་ཡཱའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དེ་ནི་ལིས་ཙེ་མེན་སྲིད་གཞུང་བཙུགས་རྗེས་ཐོག་དང་པོར་ལྷོ་བྱང་གྲོས་མོལ་གྱི་གྲོས་གཞི་བཏོན་པ་རེད། མིག་སྔར་ལྷོ་བྱང་གི་དམག་དོན་འཕྲིན་གཏོང་ལམ་ཐིག་ཚང་མ་ཆད་ཡོད་པའི་དབང་གིས་ལྷོ་ཁོ་རེ་ཡཱ་ཕྱོགས་ཀྱིས་བྱང་ཁོ་རེ་ཡཱའི་དམག་ཕྱོགས་ཀྱི་ཐབས་ལམ་སྤྱད་དེ་བརྡ་གཏོང་བའི་འཆར་གཞི་ཡོད་པ་རེད།

ལྷོ་ཁོ་རེ་ཡཱའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལྷོ་བྱང་གི་དམག་དོན་གྲོས་མོལ་གྱིས2000ལོའི་ཚུན་ལ་རྒྱལ་སྲུང་པུའུ་ཀྲང་རིམ་པའི་གྲོས་མོལ་ཐེངས2དང་། དམག་དཔོན་རིམ་པའི་གྲོས་མོལ་ཐེངས10། བྱ་བའི་གྲོས་མོལ་ཐེངས40བཅས་སྤེལ་མྱོང་ཡང་། 2018ལོའི་ཟླ10བར་དམག་དཔོན་རིམ་པའི་གྲོས་མོལ་ཐེངས10སྤེལ་རྗེས། ལྷོ་བྱང་གི་དམག་དོན་གྲོས་མོལ་ལོ7རིང་སྤེལ་ཐུབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།