མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲའི་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས17ཉིན་གྲོས་ཆོད་གཉིས་བརྒྱད་ཐིག་གསུམ་ལ་གྲོས་འཆམ་བྱུང་སྟེ། ཨ་མེ་རི་ཁས་དེའི་སྔོན་བཏོན་པའི་ཅཱ་ཧྲའི་འཁྲུག་རྩོད་མཇུག་སྒྲིལ་བའི་སྐོར་གྱི་འཆར་གཞི་ཉི་ཤུར་དཔྱད་ཞིབ་བྱས་པ་དང་། ཅཱ་ཧྲའི་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་རྩ་འཛུགས་བྱེད་པར་དབང་ཆ་བསྩལ།

གྲོས་ཆོད་འཆར་ཟིན་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ15ཁྲོད་ཀྱི་བཅུ་གསུམ་གྱི་རྒྱབ་སྐྱོར་ཐོབ་པ་དང་། ཨུ་རུ་སི་དང་ཀྲུང་གོ་ཡིས་དབང་ཆ་བསྐྱུར་བ་རེད། གྲོས་ཆོད་ལས་འཆར་གཞི་ཉི་ཤུ་གཞིར་བཟུང་ནས་ཞི་བདེའི་ལས་འཛིན་ལྷན་ཚོགས་བཙུགས་ཏེ་ཅཱ་ཧྲ་ས་ཁུལ་གྱི་བར་བརྒལ་སྲིད་འཛིན་ལས་ཁུངས་སུ་བྱེད་པར་དགའ་བསུ་ཞུས། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཞི་བདེའི་ལས་འཛིན་ལྷན་ཚོགས་ཀྱིས་གནས་སྐབས་རང་བཞིན་གྱི་ཅཱ་ཧྲའི་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་རྩ་འཛུགས་བྱེད་པར་དབང་ཆ་བསྩལ་ཡོད་ལ། དམག་དཔུང་དེ་ཟབ་ཞུགས་རྒྱལ་ཁབ་ཀྱིས་མངགས་པའི་དམག་མིས་གྲུབ་ཡོད་པ་དང་། ཞི་བདེའི་ལས་འཛིན་ལྷན་ཚོགས་ཀྱི་མཛུབ་སྟོན་འོག་འཁོར་སྐྱོད་བྱེད་པར་མ་ཟད། དེའི་གྲོན་དངུལ་དག་ཞལ་འདེབས་འབུལ་བ་དང་ཞི་བདེའི་ལས་འཛིན་ལྷན་ཚོགས་ཀྱི་དངུལ་བསྡུ། ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་མ་དངུལ་གཏོང་བ་བཅས་ལས་ཐོན་པ་རེད། ཅཱ་ཧྲའི་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་གི་འགན་འཁྲི་ནི་ཅཱ་ཧྲའི་མཐའ་མཚམས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། དམག་དོན་ཅན་མེད་པར་བཏང་ནས་ཅཱ་ཧྲའི་བདེ་འཇགས་ཁོར་ཡུག་སྔར་ལས་གཏན་འཇགས་ཡོང་བར་བྱས་ཤིང་། མི་སེར་དཀྱུས་མར་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཀག་མེད་ཡོང་བར་བྱེད་པ་སོགས་འདུས།

གྲོས་ཆོད་ལས་ཞི་བདེའི་ལས་འཛིན་ལྷན་ཚོགས་དང་འབྲེལ་ཡོད་བཀོད་སྒྲིག་གི་དབང་སྩོལ་ཡུན་ཚད་ནི2027ལོའི་ཟླ12པའི་ཚེས31ཉིན་བར་ཡིན་པ་གཏན་འཁེལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།