
ཟླ11པའི་ཚེས18ཉིན། ཀྲུང་གོའི་གུང་ཁྲན་ཏང་དང་འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གི་སྐབས་གཉིས་པའི་འཐབ་ཇུས་གྲོས་མོལ་པེ་ཅིང་དུ་སྤེལ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཧེ་ཞིན་དང་། འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི། རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་བློན་ཆེན་ཁི་ལིན་པེད་ཨར་གྲོས་མོལ་ལ་ཞུགས་ནས་བརྗོད་དོན་གཏམ་བཤད་སྤེལ། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་པུའུ་ཨུ་དང་རིག་མཛོད་ཀྱི་འཐུས་མི། དེ་མིན་འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པའི་ཁོངས་མི་བཅས་གྲོས་མོལ་ལ་ཞུགས།
ལིའུ་ཧེ་ཞིན་གྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་བར་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ཤིང་། ལག་རྡང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན། ཀྲུང་གོའི་གུང་ཁྲན་ཏང་གིས་འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་བར་གྱི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་བཀོལ་ཤེས་བྱེད་པ་དང་། བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
འཇར་མན་ཕྱོགས་ཀྱིས་བསྟན་དོན། འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་སྟེགས་བུ་བརྒྱུད་དེ། འཇར་མན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ། ནམ་ཟླའི་འགྱུར་ལྡོག མི་ཐབས་རིག་ནུས། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སོགས་གྲོས་གཞི་མང་བོའི་ཐད་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་ལྟ་ཚུལ་རྒྱ་བསྐྱེད་ནས། མཉམ་དུ་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།