དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ནུབ་ཕྱོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་སི་རལ་གྱིས་ཚེས18ཉིན་གྱི་དགོང་མོར་ལེ་པཱ་ནུན་ལྷོ་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་སེ་ཏཱ་ཉེ་འདབས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་བཤད་རྒྱུར། བར་སྣང་འཇབ་རྒོལ་བྱ་ཡུལ་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྦྱོང་བརྡར་སྒྲིག་ཆས་ཡིན་ཟེར།

ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མི་མེད་གནམ་གྲུ་གཅིག་གིས་འཕུར་མདའ་གསུམ་གཏོང་འཕེན་བྱས་ཏེ། ཨེ་ཡུན་ཧི་ལེ་ཝེ་ཡུལ་གྱར་བའི་སྒར་སའི་ནང་གི་དབྱི་སི་ལན་ཆོས་ཁང་ཞིག་དང་དེའི་ཉེ་འདབས་ཀྱི་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ནས་ཡུལ་དངོས་སུ་མེ་སྐྱོན་ཆེན་པོ་བྱུང་ཟེར། ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

ལེ་པཱ་ནུན་གྱི་དམངས་སྲུང་སྡེ་ཁག་དང་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། རྒུད་སྐྱོབ་རུ་ཁག་མང་བོས་སྔར་བཞིན་ཞིག་རོའི་ནང་སྲོག་ཉེན་ལས་ཐར་མཁན་འཚོལ་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཨེ་ཡུན་ཧི་ལེ་ཝེ་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས་པ་བདེན་དཔང་བྱས་པར་མ་ཟད། ཧཱ་མཱ་སིའི་དྲག་ཆས་མི་སྣས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་ས་དེ་བེད་སྤྱད་ནས་སྦྱོང་བརྡར་བྱེད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་འཆར་འགོད་བྱས་ཏེ་སྤེལ་བའི་ཆེད་དུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་ལེ་པཱ་ནུན་གྱི་སྡོད་གནས་ལ་ཆམ་ཕབ་གཏོང་བཞིན་ཡོད་པ་དང་། མུ་མཐུད་དུ་ས་གནས་གཞན་པར་འགུལ་སྐྱོད་བྱེད་པའི་ཧཱ་མཱ་སིའི་དྲག་ཆས་མི་སྣར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཧཱ་མཱ་སི་ཡིས་གསལ་སྒྲོག་ཅིག་ལས་རྩ་འཛུགས་དེས་ལེ་པཱ་ནུན་གྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སའི་ནང་དམག་དོན་སྒྲིག་ཆས་བཀོད་སྒྲིག་བྱས་པ་ཁས་ལེན་མ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་འཇབ་རྒོལ་དམིགས་འབེན་དེ་ནི་ཧཱ་མཱ་སིའི་སྦྱོང་བརྡར་སྒྲིག་ཆས་ཡིན་པའི་བཤད་ཚུལ་དེ་ནི་རྫུན་གཏམ་ཁོ་ན་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།