
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས18ཉིན་ཨ་མེ་རི་ཁས་བྲིས་པའི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་རྗེས་ཀྱི་བཀོད་སྒྲིག་སོགས་ལ་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་ཆོད་དེ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཆབ་སྲིད་དང་མི་ཆོས་རིང་ལུགས་ཀྱི་རེ་འདོད་དང་མི་འཚམ་ཟེར།
གསལ་སྒྲོག་ལས་བསྟན་དོན། གྲོས་ཆོད་དེས་ཅཱ་ཧྲ་ས་ཁུལ་དེ་རྒྱལ་སྤྱིའི་དོ་དམ་རྐྱེན་སྲོལ་གྱི་འོག་ཏུ་བཞག་ཡོད་ཅིང་། ཅཱ་ཧྲ་ས་ཁུལ་དང་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཅད་བཟུང་བྱས་ཏེ། དབྱི་སི་རལ་གྱིས་འཐབ་འཁྲུག་བྱེད་ཐབས་ལ་བརྟེན་ནས་འགྲུབ་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་དུ་འཇུག་རྩིས་རེད་ཟེར།
ཧཱ་མཱ་སི་ཡིས་གསལ་སྒྲོག་ནང་དུ་གལ་ཏེ་ཅཱ་ཧྲའི་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་བཀོད་སྒྲིག་བྱེད་དགོས་ན། དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་ཕཱ་ལེ་སི་ཐན་གྱི་དཔོན་ཕྱོགས་ལས་ཁུངས་བར་མཐུན་སྦྱོར་བྱས་ནས་འགུལ་སྐྱོད་སྤེལ་དགོས་པའི་འདོད་བློ་བཏོན།
ཧཱ་མཱ་སི་ཡིས་བྱེད་ཐབས་གང་རུང་སྤྱད་དེ་བཙན་བཟུང་ལ་ངོ་རྒོལ་བྱེད་པ་ནི་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ་པའི་ཁེ་དབང་ཡིན་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཧཱ་མཱ་སི་ཡིས་དྲག་ཆས་བསྐྱུར་མིན་ནི་ཕཱ་ལེ་སི་ཐན་ནང་ཁུལ་གྱི་གནད་དོན་ཡིན་པ་ནན་བཤད་བྱས།
གསལ་སྒྲོག་ལས་བསྟན་དོན། གང་མགྱོགས་སྒོས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་དེ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།