
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་ཚེས19ཉིན་པུས་ཧྲ་ཁའེ་ཁི་ནས་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལུའུ་པཱ་ཡེ་ཧྥུའུ་དང་མཉམ་དུ་འཐབ་ཇུས་གྲོས་མོལ་ཐོག་མ་སྤེལ།
ཝང་དབྱེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཀྲ་ཕཱ་ལོ་ཧྥུའུ་གཉིས་ཀྱི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཆབ་སྲིད་ཡིད་ཆེས་བསྟུད་མར་སྲ་བརྟན་དུ་སོང་བ་དང་། ཕྱོགས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སོང་། འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ། འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་དར་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཅིར་ཅི་སི་སི་ཐན་ཕྱོགས་ཀྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཡིན། ལག་རྡང་སྦྲེལ་ནས་ཁྱིམ་མཚེས་མཛའ་མཐུན་དང་ཐུན་མོང་དར་རྒྱས་ཀྱི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པར་མ་ཟད། དམངས་ཀྱི་འདོད་ཕྱོགས་དང་གནས་བབ་ཆེན་མོའི་འཕེལ་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་བར་གྱི་རྒྱལ་སྤྱིའི་ལས་དོན་གྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་སོགས་སྟེགས་བུ་དར་རྒྱས་སྟོབས་ལྡན་དུ་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཁུའུ་ལུའུ་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཤིང་། མུ་མཐུད་དུ་ཞིན་ཅང་དང་བོད། ཞང་ཀར་སོགས་ལ་འབྲེལ་བའི་ཀྲུང་གོའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཀྲུང་གོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཉོ་ཚོང་དངུལ་གཏོང་དང་ཞིང་ལས་གཏེར་ལས། གཅིག་འབྲེལ་གཅིག་བརྟེན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལས་རིམ་ཇེ་མགྱོགས་སུ་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། ཕྱོགས་གཉིས་ཀྱི་ཁེ་ཕན་ཐད་ཀྱི་མཐུན་གནས་སྔོག་འདོན་བྱས་ཏེ། ཀྲུང་གོའི་ཁེ་ལས་དག་ཅིར་ཅི་སི་སི་ཐན་དུ་ཡོང་ནས་འཕེལ་རྒྱས་འགྲོ་བར་ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་འདོད་ཡོད་ཟེར། ཅིར་ཅི་སི་སི་ཐན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འདོན་བཞི་ལག་བསྟར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་རོགས་འདེགས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་འདུམ་འགྲིག་ཁང་ལ་ཞུགས་པར་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།
གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་ཐོག་མའི་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི2026ལོ་ནས2027ལོའི་བར་གྱི་མཉམ་ལས་རྩ་གནད་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།