
སྐབས་གསུམ་པའི་ཀྲུང་གོ་དང་འཛམ་གླིང་གི་གྲོས་མོལ་གྱི་རྒྱལ་སྤྱིའི་གླེང་སྟེགས་ཉེ་སྔོན་ཀྲུང་གོའི་མི་དམངས་སློབ་ཆེན་ནས་སྤེལ། གླེང་སྟེགས་ཀྱིས་འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་རྒྱལ་ཁབ་འཐབ་ཇུས་འཆར་འགོད་ཅེས་པ་བརྗོད་སྙིང་དུ་བྱས་ཡོད་ལ། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་མང་བོ་དང་ཀྲུང་ཕྱིའི་ཆེད་མཁས་པ་མང་བོ་ལྷན་དུ་འཛོམས་ནས། མཉམ་དུ་གོ་ལ་ཧྲིལ་བོའི་དེང་རབས་ཅན་གྱི་གནས་ཚུལ་འོག་རྒྱལ་ཁབ་སོ་སོའི་འཐབ་ཇུས་འཆར་འགོད་ཀྱི་ལག་ལེན་དང་དོན་སྙིང་ལ་གྲོས་བསྡུར་བྱས།
ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སློབ་གཙོ་གཞོན་པ་ཝང་ཞའོ་ཧུའུ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཁྲོད། ཚན་རིག་དང་མཐུན་པར་འཐབ་ཇུས་འཆར་འགོད་ལ་བརྟེན་ནས་དེང་རབས་ཅན་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་ལ་འཚམ་ཞིང་རྒྱལ་ཁབ་སོ་སོའི་ཐུན་མིན་གནས་ཚུལ་ལ་བརྩི་འཇོག་བྱེད་པ་ནི་རྒྱལ་ཁབ་སོ་སོ་འཕེལ་རྒྱས་སུ་འགྲོ་བཞིན་གནད་འགག་ཡིན་ཟེར། ཁོས་བསྟན་དོན། དེང་རབས་ཅན་ལ་གཏན་འཇགས་རྣམ་པ་མེད་པ་དང་། འཐབ་ཇུས་འཆར་འགོད་ནི་རྙོག་འཛིང་རང་བཞིན་གཏོར་བའི་གནད་འགག་གི་ཡོ་བྱད་ཡིན་ལ། ཀྲུང་གོའི་ལོ་ལྔའི་འཆར་འགོད་ནས་གོ་ལ་ཧྲིལ་བོའི་རྒྱལ་ཁབ་མང་བོའི་ལག་ལེན་བར་དུ། ཉེན་ཁ་ཐག་གཅོད་བྱེད་པ་དང་ཁ་ཕྱོགས་གསལ་སྟོན་བྱེད་པའི་ལམ་སྟོན་ལྟ་བུར་གྱུར་ཡོད། ང་ཚོས་ཉམས་མྱོང་དེ་མིག་དཔེར་བྱེད་མི་སྲིད་ལ། རྒྱལ་ཁབ་སོ་སོའི་བར་ལག་ལེན་དང་འཚོལ་ཞིབ་བྱ་བ་མཉམ་སྤྱོད་བྱས་ཏེ། མཉམ་དུ་དེང་རབས་ཅན་གྱི་ངོས་ཟིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རེ་བཞིན་ཡོད་ཟེར།
མའོ་ཞི་ཁོ་དང་ཕཱ་ཁི་སི་ཐན། དབྱིན་ཇི་སོགས་རྒྱལ་ཁབ་མང་བོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་མཁས་པ་གྲགས་ཅན། དེ་མིན་ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན། ཀྲུང་གོའི་ཕྱི་ཡིག་ཅུའུ་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་གཙོ་བོ་དང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་མཁས་པ་མང་བོ་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས། ཚོགས་ཞུགས་སྐུ་མགྲོན་དག་གིས་ཡོངས་ཁྱབ་ཏུ་བལྟས་ན། ཐེངས་འདིའི་གླེང་སྟེགས་ཀྱིས་གྲོས་གཞིའི་བཀོད་སྒྲིག་དང་དངོས་གཉེར་གཏིང་ཟབ་ཏུ་སྤེལ་བར་གྲོས་བསྡུར་བྱས་ནས། དེང་རབས་ཅན་གྱི་ཐབས་ལམ་མི་འདྲ་བའི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་དང་བསམ་བློའི་གཅིག་འདྲེས་ལ་སྐུལ་འདེད་གཏོང་བར་སྤུས་ཚད་མཐོ་བའི་སྟེགས་བུ་འདོན་སྤྲོད་བྱས་ཡོད་ལ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞིར་སྐུལ་འདེད་གཏོང་ཆེད་འཛུགས་སྐྲུན་རང་བཞིན་གྱི་མཐོང་སྣང་འདོན་སྤྲོད་བྱས་ཡོད་པར་འདོད།
གྲོས་ཚོགས་ཀྱི་སྤྱི་བསྡོམས་གཏམ་བཤད་ཁྲོད། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ། རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་གླིང་གི་དགེ་རྒན་ཆེན་མོ་ཝང་དབྱེ་ཀྲི་ཡིས་བསྟན་དོན། དེང་རབས་ཅན་ནི་མིའི་རིགས་ཀྱིས་རང་ཉིད་ལ་ངོས་འཛིན་བྱེད་པ་དང་རང་ཉིད་ལ་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཡིན་ཞིང་། དེང་རབས་ཅན་དེས་རྒྱལ་ཁབ་རང་གི་སྲོལ་རྒྱུན་རིག་གནས་རྨང་གཞིར་བྱེད་དགོས་པར་ལས་སྲོལ་རྒྱུན་མེད་པ་ཅན་དང་ནུབ་ཕྱོགས་ཅན་དུ་བསྒྱུར་མི་རུང་ལ། དེང་རབས་ཅན་གྱི་དམིགས་འབེན་ནི་མིའི་རང་དབང་དང་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཡིན་པ་དང་། འཛམ་གླིང་གི་ཐུན་མོང་དེང་རབས་ཅན་ལ་བརྟེན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས་ཟེར།
སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་ཁང་དང་། ཀྲུང་གོའི་མི་དམངས་སློབ་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།