རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་དངུལ་བུན་རྒྱུན་མཐུད་རང་བཞིན་གྱི་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཆེད་མཁས་ཚན་ཆུང་གིས་ཚེས18ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་སྙན་ཞུ་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས། ཨ་ཧྥེ་རི་ཁ་གླིང་གི་དངུལ་བུན་རྒྱུན་མཐུད་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཆེད་མཁས་ཚན་ཆུང་དེས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ལ་སྙན་ཞུ་སྤྲད་པ་དང་། སྙན་ཞུ་ལས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་དངུལ་རྩའི་མ་རྩ་མཐོ་བའི་གནས་ཚུལ་ལ་འཕྲད་ནས། དངུལ་བསྐྱིས་མ་རྩ་ཇེ་མཐོར་སོང་བ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རྐང་དབང་དངུལ་གཏོང་ལ་ཚོད་འཛིན་བྱས་ཡོད་ཟེར། སྙན་ཞུ་ལས་གཟིགས་སྐྱོང་དངུལ་བསྡུ་རྒྱ་བསྐྱེད་པ་དང་། ཡིད་རྟོན་རིམ་པའི་དཔྱད་འཇོག་ལས་ཁུངས་ཀྱི་མངོན་གསལ་གྱི་ཚད་དང་འདྲི་རྩད་ལམ་ལུགས་ལེགས་བསྒྱུར་བྱས་ནས། བཅོས་བསྒྱུར་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་ཉེན་ཁའི་ཕྱོགས་རིས་ངོས་འཛིན་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་མཱ་ཧྥུའུ་སཱ་ཡིས་སྙན་ཞུ་སྤེལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། དུས་རབས་ཉེར་གཅིག་པའི་གོ་ལ་ཧྲིལ་བོའི་དར་རྒྱས་ཀྱི་ཆེས་ཆེ་བའི་གོ་སྐབས་ཨ་ཧྥེ་རི་ཁ་གླིང་དུ་ཡོད། སྦས་ཤུགས་དེ་སྔོག་འདོན་བྱེད་པར་ཨ་ཧྥེ་རི་ཁ་གླིང་གི་རྒཡལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གོ་ལ་ཧྲིལ་བོའི་ལས་ཁུངས་བར་དུ་གྲོགས་པོའི་འབྲེལ་བ་གསར་བ་བཙུགས་ནས། མ་དངུལ་བསྡུས་ནས་རྨང་གཞིའི་སྒྲིག་ཆས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཐད་བཀོལ་དགོས་ཟེར།

ཨ་ཧྥེ་རི་ཁ་ལྷོ་མ་ཡིས2024ལོའི་ཟླ12པར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྗེས། ནོར་སྲིད་པུའུ་ཀྲང་ཨེ་ནོའུ་ཧི་ཀི་ཏུང་བཀའ་ནཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་ཆེད་མཁས་ཚན་ཆུང་སྒྲིག་འཛུགས་བྱས། ཚན་ཆུང་དེར་བསྡོམས་པས་ཁོངས་མི26ཡོད་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་ཆེད་མཁས་པ20ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།