ཧྥ་རན་སི་དང་འཇར་མན་གྱི་མགོ་གཙོས་ཡོ་རོབ་གླིང་གི་གཞི་གྲངས་བདག་དབང་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཚི་གཉིས་ཀྱིས་ཚེས18ཉིན་པའོ་ལིན་ནས་སྤེལ་བའི་ཡོ་རོབ་གླིང་གི་གཞི་གྲངས་བདག་དབང་གི་རྩེ་ཚོགས་སྟེང་ཡོ་རོབ་གླིང་གི་གཞི་གྲངས་བདག་དབང་ལ་ཤུགས་སྣོན་བྱས་ཏེ། གཞི་གྲངས་ལ་ཚད་བརྒལ་ལྟ་རྟོག་བྱེད་པར་སྔོན་འགོག་བྱས་ནས། སྤྱི་བའི་ཉོ་བསྡུའི་ཐད་ནས་ཡོ་རོབ་གླིང་གི་གཞི་གྲངས་ཐོན་རྫས་དང་ཞབས་ཞུ་གདམ་གསེས་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཛམ་གླིང་གི་དཔལ་འབྱོར་ཚོགས་ཁག་གཙོ་བོས་མི་ཐབས་རིག་ནུས་དང་སྤྲིན་རྩིས། ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་སུ་འགྲན་རྩོད་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་གིས་རང་ཉིད་ཀྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་དགོས། ཡོ་རོབ་གླིང་ལ་ངེས་པར་དུ་སྔོན་ལ་གསར་གཏོད་ཡོད་ན་ད་གཟོད་ལྟ་རྟོག་དོ་དམ་གླེང་ཆོག ཚད་བརྒལ་ལྟ་རྟོག་དོ་དམ་བྱེད་པར་རིན་དོད་ཡོད་པ་ཡིན་ཟེར། ཁོས་བསྟན་དོན། གཞི་གྲངས་ཁྱབ་ཁོངས་ཀྱི་སྤྱི་བའི་ཉོ་བསྡུ་ཡིས་ཡོ་རོབ་གླིང་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་ལ་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།

མའོ་ཚི་ཡིས་བཤད་རྒྱུར། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྲུབ་ཚུལ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། ཡོ་རོབ་གླིང་གིས་གཞི་གྲངས་ཁྱབ་ཁོངས་སུ་མྱུར་མོར་འགུལ་སྐྱོད་སྤེལ་དགོས། གཞི་གྲངས་བདག་དབང་མངོན་འགྱུར་བྱེད་ན་སྔར་ལས་ལྷག་པའི་གཞི་གྲངས་བསྐྲུན་པར་ཆ་རྐྱེན་བསྐྲུན་དགོས་ལ། དེ་ལས་ཡོ་རོབ་གླིང་གིས་ལྡབ་འགྱུར་གྱིས་གཞི་གྲངས་ཀྱི་ལྟ་རྟོག་དོ་དམ་སྟབས་བདེ་རུ་གཏོང་དགོས་པར་མ་ཟད། ཟོལ་མེད་ཀྱིས་དོན་དངོས་ཀྱི་སྒྲིག་སྲོལ་གཏན་འབེབས་བྱེད་དགོས་ཡོད་ཟེར།

མའོ་ཚི་ཡིས་གཏམ་བཤད་ཁྲོད་ད་རུང་ཡོ་རོབ་གླིང་གི་ཁེ་ལས་དག་གིས་ས་དེའི་གཞི་གྲངས་ཐོན་རྫས་དང་ཞབས་ཞུ་ཉོ་བསྡུ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་དངུལ་གཏོང་བྱེད་དགོས་ཟེར། ཁོས་བསྟན་དོན། ཡོ་རོབ་གླིང་གི་ཁེ་ལས་ཀྱིས་ཉིན་དེའི་བྱ་འགུལ་ཁྲོད་ཡོ་རོབ་གླིང་གི་གཞི་གྲངས་ཁྱབ་ཁོངས་སུ་ཡོ་སྒོར་ཐེར་ཆེ་གཅིག་དང་ཐེར་འབུམ་གཉིས་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།