
ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས19ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ལ་ཐུག་འཕྲད་བྱས་ཏེ། ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་དབྱི་སི་ཐན་པོར་གྱི་གྲོས་མོལ་འཕེལ་རིམ་སླར་གསོ་བྱེད་པར་སྐུལ་མ་བཏང་།
ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཡིས་དངོས་གཉེར་དང་མཇུག་འབྲས་གཙིགས་འཛིན་གྱི་ཐབས་ཀྱིས་མུ་མཐུད་དུ་དབྱི་སི་ཐན་པོར་གྱི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འདོད་བློ་བཏོན། དེའི་སྔོན་གྱི་སྐོར་ཐེངས་གསུམ་གྱི་གྲོས་མོལ་ལས་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཐག་གཅོད་ཇུས་གཞི་འགོད་པའི་དུས་རིམ་གལ་ཆེན་དུ་བགྲོད་བཞིན་ཡོད་པ་མཚོན་ཡོད་ལ། ཐུར་ཁེ་ཕྱོགས་ཀྱིས་ཕྱོགས་སོ་སོའི་འཐུས་མིས་གྲོས་མོལ་འཕེལ་རིམ་དེ་སླར་གསོ་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་འཛིན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་ཕན་ཚུན་འཇབ་རྒོལ་ཇེ་མང་དུ་སོང་བ་ནི་ཐུར་ཁེ་ཡིས་དབྱི་སི་ཐན་པོར་གྱི་གྲོས་མོལ་སླར་གསོ་བྱེད་པའི་གྲོས་གཞི་བཏོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཁྱད་པར་དུ་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ཀྱི་འཇབ་རྒོལ་དོན་རྐྱེན་ཇེ་མང་དུ་སོང་ནས། ཕྱོགས་གཉིས་ལ་ཁ་གསབ་བྱེད་ཐབས་མེད་པའི་གཏོར་བརླག་ཐེབས་བཞིན་ཡོད་ཟེར། ཁོས་སྔར་ལས་ཁ་ཚང་བ་དང་མིག་སྔའི་གནད་དོན་གལ་ཆེན་ཐག་གཅོད་ཐུབ་པའི་སྒྲོམ་གཞི་ཞིག་གིས་དབྱི་སི་ཐན་པོར་གྱི་གྲོས་མོལ་འཕེལ་རིམ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཙེ་ལེན་སི་ཅི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐུར་ཁེ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སྐབས་སུ་ལངས་ཕྱོགས་དེ་འདྲ་བཟུང་བར་བཀའ་དྲིན་ཞུས་པར་མ་ཟད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐུར་ཁེའི་ཕྱི་འབྲེལ་སྟོབས་ཤུགས་ལ་ཡིད་ཆེས་བྱས་ཡོད་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་ཨུ་རུ་སའི་བར་གྱི་བཟུང་དམག་བརྗེ་སྤོར་བྱ་བ་སླར་གསོ་ཐུབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།