ཨུ་རུ་སི་ཡིས་ཉིག་ལོན་པའོ་ཁྲིམས་གཅོད་ཀྱི་ལོ་རྒྱུས་དོན་སྙིང་ཡིད་ལ་དམ་པོར་འཛིན་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉིག་ལོན་པའོ་རྒྱལ་སྤྱིའི་དམག་དོན་ཁྲིམས་ཁང་བཙུགས་ནས་ལོ་ངོ80འགོར་བར་རྗེས་དྲན་བྱེད་ཆེད། ནུས་ཡུན་གྱི་ཚད་བཀག་མེད་པའི་ཉིག་ལོན་པའོ་ཁྲིམས་གཅོད་ཀྱི་ལོ་ངོ80ཞེས་པ་བརྗོད་སྙིང་ཡིན་པའི་རྒྱལ་སྤྱིའི་ཚན་རིག་ལག་ལེན་གླེང་སྟེགས་ཚེས20ཉིན་མའོ་སི་ཁོ་ནས་སྤེལ་མགོ་བརྩམས། ཨུ་རུ་སིའི་ལས་རིགས་སོ་སོས་ཉིག་ལོན་པའོ་ཁྲིམས་གཅོད་ཀྱི་ལོ་རྒྱུས་དོན་སྙིང་དང་རྩ་དོན་ཡིད་ལ་དམ་པོར་འཛིན་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་གླེང་སྟེགས་སུ་ཞུགས་མཁན་ལ་བསྐུར་བའི་འཕྲིན་ཡིག་ནང་བཤད་རྒྱུར། ལོ་ངོ80སྔོན་ལ། ཉིག་ལོན་པའོ་རྒྱལ་སྤྱིའི་དམག་དོན་ཁྲིམས་ཁང་གིས་ནཱ་ཚོས་ཉེས་ཅན་གྱིས་བཟོས་པའི་ནག་ཉེས་ལ་ཉེ་འགེལ་གསལ་བོ་བྱས་པ་དང་། འབྲེལ་ཡོད་ཀྱི་ནག་ཉེས་རྩད་གཅོད་བྱེད་པར་ནུས་ཡུན་གྱི་བཀག་རྒྱ་ཐེབས་མི་སྲིད་ཟེར། ཁོས་བསྟན་དོན། ཉིག་ལོན་པའོ་ཁྲིམས་གཅོད་ལས་གཏན་འཁེལ་བྱས་པའི་རྩ་དོན་ད་ལྟའི་བར་བཀོལ་སྤྱོད་བྱས་ཆོག་པ་དང་། རྩ་དོན་དེ་དག་ལོ་རྒྱུས་དོན་དངོས་འཁྱོག་བརྗོད་བྱེད་པའི་གཡོ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་ཕན་ཐོགས་ཡོད་ལ། མིག་སྔའི་གོ་ལ་ཧྲིལ་བོའི་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱེད་པར་ཕན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཉིག་ལོན་པའོ་ཁྲིམས་གཅོད་དེ་འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་མ་ལག་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཟེར། ཁོས་ནན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ད་ལྟ་ཉིག་ལོན་པའོ་ཁྲིམས་གཅོད་ཀྱི་མཇུག་འབྲས་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་བསླབ་བྱ་གཏིང་བརྗེད་དུ་གྱུར་ཡོད་ཅིང་། ཨུ་རུ་སི་ཡིས་མུ་མཐུད་དུ་ལོ་རྒྱུས་ཀྱི་དོན་དངོས་དར་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ནཱ་ཚོས་ཉེས་ཅན་གྱིས་སུའུ་ལེན་གྱི་རྒྱལ་སྲུང་འཐབ་འཁྲུག་སྐབས་སུ་བཟོས་པའི་ནག་ཉེས་ལ་རྒོལ་གཏམ་གཏོང་རྒྱུ་ཡིན་ཟེར།

ཨུ་རུ་སི་གྲོས་ཁང་གོང་མའི་ཆ་འཕྲིན་སྲིད་ཇུས་དང་སྨྱན་བྱད་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕུའུ་ཧྲི་ཁི་ཧྥུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིག་ལོན་པའོ་ཁྲིམས་གཅོད་ཀྱིས་མངོན་གསལ་གྱིས་ནཱ་ཚོས་རིང་ལུགས་དང་ཐལ་དྲག་པའི་མི་རིགས་རིང་ལུགས། དམག་རྒྱལ་རིང་ལུགས་བཅས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཡཱ་ཨར་ཐཱ་གྲོས་ཚོགས་དང་ཏུང་ཅིང་ཁྲིམས་གཅོད་སོགས་ལོ་རྒྱུས་དོན་རྐྱེན་གལ་ཆེན་དང་མཉམ་དུ་འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྨང་གཞི་བཏིང་ཡོད་པས། ཉིག་ལོན་པའོ་ཁྲིམས་གཅོད་ལས་གཏན་འཁེལ་བྱས་པའི་རྩ་དོན་བརྗེད་མི་རུང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།