
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས20ཉིན་ཡང་བསྐྱར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཉེ་སྔོན་གྱི་ཐེ་ཝན་གྱི་གནས་བབ་དང་འབྲེལ་བའི་དཀྲུག་འཕེན་གྱི་གཏམ་བཤད་ལ་རྒོལ་གཏམ་བཏང་བ་དང་། འཇར་པན་གྱིས་ད་ལྟའི་བར་དུ་རང་ངོས་ཀྱི་ནོར་འཆུག་གསལ་བོར་ཤེས་མེད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཀའོ་ཧྲི་ཙའོ་མེའོ་ཡིས་མངོན་སུམ་འཛེམ་མེད་ཀྱིས་ཐེ་ཝན་ལ་འབྲེལ་བའི་དཀྲུག་འཕེན་གཏམ་བཤད་སྤེལ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་རྗེས་ད་རུང་ནོར་འཆུག་ངོས་ཟིན་མེད་པའི་ཐད་ནས་ཀྲ་ཧཱ་ལོ་ཝ་ཡིས་དཔྱད་བརྗོད་སྤེལ་ཏེ་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་རང་གི་ནོར་འཆུག་གི་གཏམ་བཤད་ལ་འགྱོད་བཤགས་བྱས་མེད་པར་མ་ཟད། ལོ་ངོ80རྗེས་ཀྱི་དེ་རིང་སྔར་བཞིན་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་ལེན་བྱས་མེད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། རྒྱལ་ཁབ་རེ་འགས་ཕྱོགས་གཅིག་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཡང་། ཕྱོགས་གཅིག་ནས་ངོ་ཚ་ཁྲེལ་མེད་ཀྱིས་ཐེ་ཝན་མཚོ་འགག་གི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་སྟེ། ཀྲུང་གོའི་ཞི་བདེའི་གཅིག་གྱུར་ལ་བཀག་རྒྱ་བཟོ་བཞིན་ཡོད། རྒྱལ་ཁབ་དེ་དག་གིས་ཝེ་ཧན་ལ་མཚོན་ཆ་འདོན་སྤྲོད་བྱས་ཤིང་། ཐེ་ཝན་བར་གྱི་དམག་དོན་དང་ཆབ་སྲིད་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། ཁ་བྲལ་རིང་ལུགས་ཀྱི་བསམ་པ་ངན་སྐུལ་བྱེད་ལ། ཐེ་ཝན་གནད་དོན་དེ་ཀྲུང་གོར་གནོན་ཤུགས་སྟེར་བ་དང་ས་ཁུལ་གྱི་ཆབ་སྲིད་ལ་བཀག་འགོག་བྱེད་པའི་ཡོ་བྱེད་དུ་བྱས་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཐེ་ཝན་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་ཀུན་གྱི་ཤེས་གསལ་ལྟར་ནམ་ཡང་འགྱུར་མི་སྲིད། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་རེ་འགས་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་རྫུན་མར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཁོ་མོས་བསྐྱར་སྒྲོག་བྱས་དོན། ཐེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་ངེས་ཡིན་ཟེར། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་ཚུལ་ལྡན་གནས་ལུགས་ཡོད་ཟེར། ཁོས་མོས་ད་རུང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་བློས་ཐུབ་གྲོགས་པོ་ཡིན་པའི་ཆ་ནས། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཐེ་ཝན་གནད་དོན་དང་བཅས་པའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བའི་གནད་དོན་ཐད་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་ཚེས18ཉིན་མའོ་སི་ཁོ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀའོ་ཧྲི་ཙའོ་མེའོ་སོགས་འཇར་པན་ཆབ་སྲིད་ལས་རིགས་ཀྱི་མི་སྣས་ལོ་རྒྱུས་ལ་ངོས་འཛིན་གསལ་བོ་བྱེད་དགོས་པ་དང་། ནོར་འཆུག་གི་གཏམ་བཤད་སྤེལ་ན་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།