གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འདོན་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་གྱི་བརྗོད་དོན་ཞིབ་བསྡུར་ཚོགས་འདུ་ཝེ་ཡེ་ནཱ་རུ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཚེས19ཉིན་ཝེ་ཡེ་ནཱའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འདོན་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་གྱི་བརྗོད་དོན་ཞིབ་བསྡུར་ཚོགས་འདུ་སྤེལ་བ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཐུས་མིས་ཝེ་ཡེ་ནཱའི་ཕྱོགས་མང་སྟེགས་བུས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་དམིགས་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནཱའི་དོན་གཅོད་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས། མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱིའི་བར་སྣང་ཟི། ཕྱོགས་ཡོངས་ནས་ཉིང་རྡུལ་ཚོད་ལྟ་གཏན་འགོག་བྱེད་པའི་ཆིངས་ཡིག་རྩ་འཛུགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་ལས་ཁུངས་གཙོ་བོའི་འགན་ཁུར་བ་དང་། རྒྱལ་ཁབ་སོ་སོའི་རྒྱུན་སྡོད་འཐུས་མི། སྨྱན་བྱད་ཀྱི་གསར་འགོད་པ་སོགས་མི150ལྷག་ཚོགས་འདུར་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་གཞུང་ཚབ་ཆེན་མོ་ལིས་སུང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ།

ལིས་སུང་གིས་བསྟན་དོན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འདོན་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་དམིགས་ཡུལ་ལ་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་དང་ཁས་ལེན་གང་ལེགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཝེ་ཡེ་ནཱའི་ཕྱོགས་མང་སྟེགས་བུའི་ཐུན་མིན་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཟབ་ཞུགས་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་ནི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདོན་སྤྲོད་བྱས་པའི་སྤྱི་བའི་ཐོན་རྫས་གལ་ཆེན་ཞིག་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འཐུས་མིའི་རང་བཞིན་དང་སྐད་ཆ་བཤད་དབང་ལ་ཤུགས་སྣོན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་བཅས་ཀྱི་ཐད་དྲང་ཕྱོགས་ཀྱི་ནུས་ཚད་ལྡན་པར་བྱས་ཡོད་ཟེར།

ལིས་སུང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནས་གྲོས་ཞིབ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིར་གྲོས་འཆམ་བྱུང་སྟེ། ཀྲུང་གོའི་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རླབས་ཆེན་ཇུས་གཞི་བྲིས་ཡོད། རྒྱུན་ཆད་མེད་པར་དེང་རབས་ཅན་ལ་ཁ་ཕྱོགས་པའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་དང་ཐུན་མོང་འཕེལ་རྒྱས་ཐད་སྔར་ལས་གཏན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་ཁ་སྣོན་བྱེད་ཐུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་སྣ་ཚོགས་ལ་ནུས་ཡོད་ཀྱིས་སྐུལ་འདེད་གཏོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོའི་བར་ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འདོན་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་དངོས་འབེབས་བྱས་ཏེ། རྒྱལ་སྤྱིའི་ཞི་བདེ་དང་ཐུན་མོང་འཕེལ་རྒྱས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་བཅས་ཀྱི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་མུའུ་ལེ་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མིས་བསྟན་དོན། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འདོན་གྱི་སྲོག་ཤིང་འདུ་ཤེས་དེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་དམིགས་ཡུལ་དང་རྩ་དོན་ལ་ཚད་མཐོའི་འཚམ་པོ་བྱུང་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལས་དོན་ལ་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཨ་ཧྥེ་རི་ཁ་ལྷོ་མ་དང་ཨེ་ཅིབ། ཁུན་ནེ་ཡཱ། ཧཱ་སག་སི་ཐན། ཕཱ་ཁི་སི་ཐན། ཁུ་པཱ། ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་མང་བོའི་རྒྱུན་སྡོད་འཐུས་མིས་ནན་གྱིས་བསྟན་དོན། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འདོན་སྣ་ཚོགས་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་སེམས་སྒྲ་མཚོན་ཡོད་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་གི་ཁེ་ཕན་དང་འཚམ། ཕྱོགས་སོ་སོས་ཀྲུང་གོ་དང་མཉམ་དུ་ཝེ་ཡེ་ནཱའི་ཕྱོགས་མང་སྟེགས་བུ་བརྒྱུད་དེ་འབྲེལ་ཡོད་གྲོས་འདོན་དངོས་འབེབས་གང་ལེགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་དང་། ཕྱོགས་མང་རིང་ལུགས་ལག་བསྟར། འཕེལ་རྒྱས་མཉམ་ལས་ལ་ཡར་སྐུལ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།