ལི་ཧེ་མཚོ་འགྲམ་རྒྱལ་ཁབ་དག་གིས་དཔལ་འབྱོར་དང་ཁོར་ཡུག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

སྐབས་དང་པོའི་ལི་ཧེ་མཚོ་འགྲམ་ས་ཁུལ་གྱི་མངའ་སྡེ་དཔོན་པོའི་རྒྱལ་སྤྱིའི་གྲོས་ཚོགས་ཚེས19ཉིན་དབྱི་ལིང་གི་ཅི་ལན་ཞིང་ཆེན་གྱི་ལཱ་ཧྲི་ཐི་གྲོང་ཁྱེར་ནས་གྲོལ། ཚོགས་ཞུགས་མཁན་གྱིས་དཔལ་འབྱོར་དང་ཡུལ་སྐོར། ཚན་རིག་བཅས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་ཏེ། ལི་ཧེ་མཚོ་ཁོངས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་རེད།

དབྱི་ལིང་དང་ཨུ་རུ་སི། ཨ་སེ་པེད་ཅང་། ཐུའུ་ཁུའུ་མན་སི་ཐན། ཧཱ་སག་སི་ཐན་སོགས་ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་གི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ལི་ཧེ་མཚོ་འགྲམ་རྒྱལ་ཁབ་བར་གྱི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་དང་རིག་གནས། ཡུལ་སྐོར་བརྗེ་རེས། ཁོར་ཡུག་སྲུང་སྐྱོབ་བཅས་ཤུགས་སྣོན་ཆེད་རེད།

ཚོགས་ཞུགས་མཁན་གྱིས་ནན་གྱིས་བསྟན་དོན། ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་གིས་ཉོ་ཚོང་དང་ཞིང་ལས། ལས་སྣོན་ལས་རིགས། མཉམ་འབྲེལ་དངུལ་གཏོང་། མཚོ་ཐོག་ཡུལ་སྐོར་སོགས་ཁྱབ་ཁོངས་ནས་དཔལ་འབྱོར་རོགས་འདེགས་ལ་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ། ཚོགས་ཞུགས་ཕྱོགས་ཁག་སོ་སོས་རང་རང་གི་རིགས་གཞུང་དང་ཚན་རིག་ལྟེ་གནས་ཀྱིས་ཞིབ་འཇུག་དང་ཚན་རིག་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་བཞིན་ཡོད་ལ། ཡང་དག་པའི་སྒོ་ནས་ལི་ཧེ་མཚོ་ཁོངས་ཀྱི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་དགོས་ལ། ཁྲིམས་འགལ་ཉ་འཛིན་བྱ་བར་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པ། སྐམ་སའི་ཆུ་ཁོངས་ཀྱི་སྐྱེ་དངོས་སྣང་ཅན་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། བརྗོད་སྙིང་ནི་ལི་ཧེ་མཚོ་ཁོངས་ཏེ་མཛའ་བརྩེ་དང་ས་ཁུལ་འཕེལ་རྒྱས་ཀྱི་འབྲེལ་ཟམ་ལྟ་བུ་ཡིན་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།