ཨེ་ཅིབ་དང་ཨུ་རུ་སི་ཡིས་ཉིང་རྡུལ་འབར་རྫས་ཉོ་བསྡུའི་གྲོས་མཐུན་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨེ་ཅིབ་ཀྱི་ནེ་ཀི་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཕྱོགས་ཀྱིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིའི་བར་ཏཱ་པཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འབར་རྫས་ཉོ་བསྡུ་དང་ཕྱོགས་ཡོངས་མཉམ་ལས་གྲོས་མཐུན་བཀོད།

གསལ་སྒྲོག་ལྟར་ན། ཉོ་བསྡུའི་གྲོས་མཐུན་ལས་ཏཱ་པཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འཕྲུལ་འཁོར་ཚན་པ་ཨང་དང་པོར་ཉིང་རྡུལ་འབར་རྫས་མཁོ་འདོན་བྱེད་ཐུབ། ཕྱོགས་ཡོངས་ཀྱི་མཉམ་ལས་གྲོས་མཐུན་དེ་ཕྱོགས་གཉིས་ཀྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་ཐོན་སྐྱེད་སྨན་བཀོལ་འགྱེད་འཕྲོ་རང་བཞིན་གྱི་གནས་གཅིག་རྒྱུ་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་འབྲེལ་ཡོད་ཟེར།

ཉིན་དེར་ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་དང་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གཉིས་ཀྱིས་བརྙན་རིས་བརྒྱུད་དེ་ཏཱ་པཱ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་འཕྲུལ་འཁོར་ཚན་པ་ཨང་དང་པོའི་གནོན་ཤུགས་སྣོད་ཆས་ཀྱི་སྒྲིག་སྦྱོར་མཛད་སྒོར་བདེན་དཔང་བྱས།

སེ་ཞི་ཡིས་བརྙན་རིས་ལས་བཤད་རྒྱུར། ཐེངས་འདིའི་མཉམ་ལས་ལས་ཨེ་ཅིབ་དང་ཨུ་རུ་སིའི་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་གི་འཐབ་ཇུས་དང་སྲ་བརྟན་འབྲེལ་བ་མངོན་པར་མཚོན་ཡོད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་མཉམ་ལས་ལས་ཆེད་ལས་ཁྱབ་ཁོངས་ཀྱི་བརྗེ་རེས་ཐད་མདུན་ལྗོངས་གསར་བ་བཏོད་ཡོད་ལ། མིག་སྔར་ཨེ་ཅིབ་ཀྱི་སློབ་མ100ཡིས་ཨུ་རུ་སིའི་སློབ་ཆེན་དུ་ཉིང་རྡུལ་ནུས་པའི་ཐད་ཀྱི་གསོ་སྦྱོང་མྱོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།