མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་སྙན་ཞུ་ལས་ཐལ་དྲགས་པའི་དྲོད་ཚད་མཐོན་པོས་ཞིང་ལས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་རྩ་འཛུགས་དང་འཛམ་གླིང་ནམ་ཟླའི་རྩ་འཛུགས་ཀྱིས་ཚེས20ཉིན་པཱ་ཞི་ནས་མཉམ་འབྲེལ་སྒོས་ཐལ་དྲགས་པའི་དྲོད་ཚད་མཐོན་པོ་དང་ཞིང་ལས་ཞེས་པའི་སྙན་ཞུ་སྤེལ་ཏེ། ཐལ་དྲགས་པའི་དྲོད་ཚད་མཐོན་པོས་ཞིང་ལས་དང་ཟས་རིགས་ཁོངས་གཏོགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་ནན་བཤད་བྱས་པ་དང་། ཚན་རིག་གཞི་འཛིན་སར་བྱས་ཏེ་ཐག་གཅོད་ཇུས་གཞི་ལས་ཞིང་ལས་ཀྱི་བབ་བསྟུན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པའི་ཚུལ་བསྟན།

སྙན་ཞུ་དེ་པཱ་ཞིའི་པེ་ལོན་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པའི་ནམ་ཟླའི་ཚན་རིག་ལ་བརྟེན་ནས་ཞིང་ལས་དང་ཟས་རིགས་ཁོངས་གཏོགས་བསྒྱུར་བཀོད་བྱེད་ཅེས་པ་བརྗོད་སྙིང་དུ་བྱས་པའི་མཐའ་ཚོགས་སྟེང་སྤེལ་བ་ཡིན། སྙན་ཞུ་ལས་བཤད་རྒྱུར། ཐལ་དྲགས་པའི་དྲོས་ཚད་མཐོན་པོས་ཞིང་ཕྱུགས་ལས་ལ་གནོད་པ་ཐེབས་བཞིན་ཡོད་ཅིང་། ཉ་གསོ་ལས་རིགས་ཀྱི་ཐོན་ཁུངས་ཉམ་ཞན་དུ་གྱུར་བར་མ་ཟད། གོ་ལ་ཧྲིལ་བོའི་མི་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་གསུམ་གྱི་འཚོ་སྡོད་ལ་འཇིགས་ཉེན་ཐེབས་བཞིན་ཡོད། ནམ་ཟླའི་འགྱུར་ལྡོག་ལས་ད་རུང་ཞིང་ལས་ངལ་རྩོལ་མཁན་དྲོད་ཚད་མཐོ་བའི་དབང་གིས་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་ཡང་ལྡབ་འགྱུར་གྱིས་ཇེ་ཆེར་སོང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར་གོ་ལ་ཧྲིལ་བོར་ཐལ་དྲགས་པའི་དྲོད་ཚད་དབང་གིས་ལས་ཀའི་དུས་ཚོད་ཁྲག་ཁྲིག་བཞི་དང་ཐེར་ཆེན་བདུན་གྱི་གྱོང་གུད་བྱུང་ཡོད་ཟེར།

སྙན་ཞུ་ལས་མངོན་པ་ལྟར་ན། ནམ་ཟླའི་གནས་བབ་དང་རྣམ་པ་རབ་དང་རིམ་པར་སྔོན་དཔག་ཚད་འཇལ་བྱས་པ་ལྟར་ན། ཐལ་དྲགས་པའི་དྲོད་ཚད་མཐོན་པོས་ཞིང་ལས་དང་ཟས་རིགས་ཁོངས་གཏོགས་ལ་གྱོང་གུད་ཐེབས་པའི་གནས་ཚུལ་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་དྲོད་གྲངས་གཅིག་འཕར་ན། མ་རྨོས་ལོ་ཏོག་དང་གྲོ་སོགས་ལོ་ཏོག་གཙོ་བོའི་ཐོན་ཚད་བརྒྱ་ཆའི་བཞི་ནས་བརྒྱ་ཆའི་བཅུ་ཇེ་དམའ་རུ་འགྲོ་སྲིད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་ཅི་ཡིས་སྤྱི་བསྒྲགས་ཤིག་ལས་བཤད་རྒྱུར། ཞིང་ལས་དང་ཟས་རིགས་ཁོངས་གཏོགས་ནི་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པ་ཆེས་ཚབས་ཆེ་བའི་ལས་རིགས་ཤིག་ཡིན་པ་དང་། ཐན་པ་དང་ཐལ་དྲགས་པའི་དྲོད་ཚད་ལས་སྲོལ་རྒྱུན་གྱི་ཉེན་ཁའི་དོ་དམ་བྱེད་ཐབས་ལ་ནུས་པ་ཅི་ཡང་མེད་པར་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གིས་ལོ་ཏོག་གི་ཐོན་ཚད་དང་ཕྱུགས་ཟོག་གི་ཐོན་སྐྱེད་ནུས་པ། ཆུ་ཐོན་ཁུངས་མཁོ་འདོན། སྐྱེ་ཁམས་མ་ལག་གི་བྱེད་ནུས་སོགས་ལ་འགྱུར་ལྡོག་བཟོ་བཞིན་ཡོད་པ་དང་། དེ་དག་ཚང་མས་འབྲུ་རིགས་བདེ་འཇགས་དང་འཚོ་སྡོད། འཚོ་བཅུད། སྐྱེ་དངོས་སྣ་མང་ཅན་བཅས་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར།

སྙན་ཞུ་ལས་ད་རུང་ཕཱ་ཁི་སི་ཐན་དང་མའོ་ལོ་ཀི། ཀྲི་ལི། ཕུའུ་ཐའོ་ཡཱ་སོགས་རྒྱལ་ཁབ་ཀྱི་ཐལ་དྲགས་པའི་དྲོད་ཚད་ལས་བྱུང་བའི་མུ་འབྲེལ་སྣང་ཚུལ་གྱི་དཔེ་གཞིར་ཞིབ་འཇུག་བྱས་པར་མ་ཟད། རྒྱུན་མཐུད་ཀྱི་ཆུ་གཏོང་བྱེད་ཐབས་ལག་བསྟར་བྱེད་པ་དང་། ནམ་ཟླའི་ཚན་རིག་དང་ཆ་འཕྲིན་གྱི་སྣེ་ཁྲིད་འོག་གི་འབྲེལ་ཡོད་ལག་ལེན་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་གི་གོམ་ཁ་ཇེ་དལ་དུ་གཏོང་བ་སོགས་ཉེན་ཁའི་བཅོས་སྐྱོང་བྱེད་ཐབས་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།