
ཚེས20ཉིན་པཱ་ཞིའི་པེ་ལོན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་ནམ་ཟླའི་གྲོས་མོལ་ཁྲོད་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པ་དང་། གྲུབ་འབྲས་ཐོན་པའི་རེ་འདུན་དང་བབ་བསྟུན་རང་བཞིན་མངོན་པར་བྱས་ཏེ། མི་ཀུན་ཡིད་ཚིམས་པའི་ཇུས་གཞི་ཞིག་འགོད་དགོས་པའི་སྐུལ་མ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེའི་སྔ་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོ་ཆེས་མཇུག་མཐའི་གནད་འགག་གི་དུས་ལ་བསླེབས་ཡོད་པ་དང་། འཛམ་གླིང་ཧྲིལ་བོསི་པེ་ལོན་ལ་དོ་སྣང་བྱེད་བཞིན་ཡོད། གྲོས་ཚོགས་ཀྱི་ཉིན་རིམ་ལྟར་ན། ཚོགས་ཆེན་ཐེངས་སུམ་ཅུ་པ་དེ་ཚེས21ཉིན་གྲོལ་རྒྱུ་ཡིན་ཡང་། མིག་སྔར་འགལ་བ་སྔར་བཞིན་གནས་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཚོགས་ཆེན་ལ་འདྲ་མཉམ་དོ་མཉམ་གྱི་གྲུབ་འབྲས་ཤིག་ཐོབ་འདོད་ན། མཐུན་སྦྱོར་བྱེད་དགོས་ལ་བློ་སྤོབས་ཀྱང་ཡོད་དགོས་ཟེར། ཁོས་གྲོས་མོལ་འཐུས་མིས་ཆེས་མཇུག་མཐའི་གྲོས་མོལ་ཁྲོད་བབ་བསྟུན་རང་བཞིན་གྱི་རེ་འདུན་མངོན་པར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕཱ་རེ་སིའི་གྲོས་ཆོད་བཀོད་ནས་ལོ་ངོ་བཅུའི་རྗེས་སུ། ང་ཚོས་གྲུབ་འབྲས་བླངས་ཡོད་ཀྱང་དེས་ད་རུང་གཏན་ནས་མི་འདང་ཟེར། ཁོས་ཕྱོགས་སོ་སོ་མྱུར་མོར་འགུལ་སྐྱོད་སྤེལ་ནས་དྲོད་ཁང་གི་དྲོད་རླངས་ཕྱིར་གཏོང་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། དག་གཙང་ནུས་ཁུངས་ཀྱི་རིན་གོང་ཇེ་བདེ་དང་རིགས་སྣ་ཕུན་སུམ་ཚོགས་པར་བྱས་ན་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། ཁྱིམ་ཚང་དང་དཔལ་འབྱོར་ཚོགས་པར་རྫས་འགྱུར་འབར་རྫས་ཚོང་རའི་རིན་གོང་གི་ཤུགས་རྐྱེན་མི་ཐེབས་པར་སྔོན་འགོག་བྱེད་ཐུབ་ཟེར།
ནམ་ཟླའི་མ་དངུལ་ཐད་ནས་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལག་བསྟར་བྱེད་ཆོག་པའི་ཐབས་ལམ་ཞིག་གིས་ན་ནིང་པཱ་ཁུའུ་ནམ་ཟླའི་ཚོགས་ཆེན་ནས་གཏན་འཁེལ་བྱས་པའི་ནམ་ཟླའི་མ་དངུལ་དམིགས་འབེན་ཏེ། 2035ལོའི་བར་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ལོ་རེར་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་གསུམ་གྱི་མ་དངུལ་དམིགས་འབེན་དང་། ལོ་རེར་ཉུང་མཐར་ཡང་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གྱི་ནམ་ཟླའི་དངུལ་གསོག་དམིགས་འབེན་མངོན་འགྱུར་བྱེད་དགོས་པར་མ་ཟད། སྒྲིག་སྲོལ་སྟབས་བདེ་རུ་བཏང་སྟེ་ཉམ་ཞན་རྒྱལ་ཁབ་དག་ལ་མྱུར་མོར་རོགས་སྐྱོར་ཐོབ་ཏུ་འཇུག་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།