དབྱི་ལིང་གིས་ཁེ་རོ་གྲོས་མཐུན་ནུས་ལྡན་མིན་པ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས20ཉིན་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་ལ་རྒོལ་བའི་གྲོས་ཆོད་སྤེལ་བར་དམིགས་ནས། དབྱི་ལིང་གིས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་སླར་གསོ་བྱེད་པར་དམིགས་པའི་ཁེ་རོ་གྲོས་མཐུན་ནུས་ལྡན་མིན་པ་ཁྱབ་བསྒྲགས་བྱས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་ཧྥ་རན་སི་དང་དབྱིན་ཇི། འཇར་མན། ཨ་མེ་རི་ཁ་བཅས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ལ་དབྱི་ལིང་ལ་རྒོལ་བའི་གྲོས་ཆོད་སྤྲད་པར་ལན་འདེབས་སྐབས་བསྟན་དོན། རྒྱལ་ཁབ་དེ་དག་གིས་དབྱི་ལིང་གི་དགེ་སེམས་སྣང་མེད་དུ་བསྐྱུར་བ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཡིད་རྟོན་དང་སྒེར་ཚུགས་རང་བཞིན་ལ་གཏོར་བརླག་བྱས་པར་མ་ཟད། ལས་ཁུངས་དེ་དང་དབྱི་ལིང་བར་གྱི་མཉམ་ལས་ལ་བར་ཆད་བཟོས་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཚེས20ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པར་དངོས་གཞིའི་འཕྲིན་ཡིག་བཏང་སྟེ། ཁེ་རོའི་གྲོས་མཐུན་དེ་ནུས་ལྡན་མིན་པ་ཁྱབ་བསྒྲགས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།