
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ་ཚེས22ཉིན་གྱི་དགོང་མོར་པཱ་ཞིའི་པེ་ལོན་ནས་གྲོལ། ཚོགས་ཆེན་ནས་ནམ་ཟླའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་ནམ་ཟླའི་དངུལ་གསོག རྒྱལ་སྤྱིའི་མཉམ་ལས་སོགས་ནམ་ཟླའི་གྲོས་གཞི་མང་བོར་ཐུན་མོང་གི་ལྟ་ཚུལ་བྱུང་། ཚོགས་ཆེན་ནས་གོ་ལ་ཧྲིལ་བོར་སྐུལ་སློང་དང་མཐུན་སྒྲིལ་རོགས་ལས་བྱས་ནས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་ཅེས་པའི་ཆབ་སྲིད་ཡིག་ཆ་བཀོད་པ་དང་། དེ་ལས་ཕྱོགས་སོ་སོས་མཉམ་ལས་བྱས་ནས་ལྷད་མེད་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་ཡོད།
ཡིག་ཆ་དེས་ཕཱ་རེ་སིའི་གྲོས་ཆོད་མུ་མཐུད་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་སྲིད། སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་སི་ཏིས་ཨར་གྱིས་ཚོགས་ཆེན་མཇུག་སྒྲིལ་བའི་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནས་གོ་ལ་ཧྲིལ་བོས་མཉམ་ལས་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་རེ་བཞིན་ཡོད་པ་གསལ་བཤད་བྱས་པ་དང་། ཚོགས་ཆེན་ནས་ཡིག་ཆའི་བསྒྲགས་གཏམ་ལ་གྲོས་མཐུན་བཀོད་ཡོད་ལ། གོ་ལ་ཧྲིལ་བོ་དྲོད་རླངས་ཕྱིར་གཏོང་གི་ཚད་ཇེ་དམའ་རུ་གཏོང་བ་དང་ནམ་ཟླའི་བབ་བསྟུན་གྱི་སྤྱི་ཚོགས་སུ་ཚུལ་བསྒྱུར་བྱེད་པ་ལྡོག་མེད་ཡིན་པར་མ་ཟད་མ་འོངས་པའི་འཕེལ་ཕྱོགས་ཡིན་པར་བསྟན།
ཐེངས་འདིའི་ཚོགས་ཆེན་དེ་སྔོན་གྱི་འཆར་གཞི་ལྟར་ན་ཚེས21ཉིན་གྲོལ་རྩིས་ཡོད་ཀྱང་། ཚེས21ཉིན་གྱི་དགོང་མོར། སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་མང་བོ་གྲོས་གཞི་གཙོ་བོ་སཽར་ཞིག་ལ་གྲོས་འཆམ་མ་བྱུང་བས། གྲོས་ཚོགས་ཀྱི་ཚོགས་ཡུན་ཁ་སྣོན་བྱས་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཏའོ་ལཱ་ཀི་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁ་ཕཱ་རེ་སིའི་གྲོས་ཆོད་ལས་ཕྱིར་བུད་པ་ལས་སྐབས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ལ་འགྲན་རྩོད་ཆེན་པོ་བཟོས་ཡོད། གྲོས་ཚོགས་ནས་བཀོད་པའི་ཡིག་ཆ་ལས་བསྟན་དོན། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ཀྱི་སྤོབས་སེམས་དང་འགུལ་སྐྱོད། སྔོན་དཔག་གི་དམིགས་འབེན་བར་བར་ཁྱད་ཆེན་པོ་ཡོད་ལ། མ་དངུལ་ཐད་ནས་མུ་མཐུད་དུ་སྤྱི་ཆིངས་ཀྱི་ད་ཡོད་འོས་འགན་གཞིར་བཟུང་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
ཚོགས་ཆེན་གྱི་ཡིག་ཆ་ལས་མངོན་པ་ལྟར་ན། ཐུར་ཁེ་རྒྱལ་ཁབ་ཀྱིས་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པ་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། དེའི་ཞོར་དུ་ཨོ་སི་ཁྲུ་ལི་ཡཱ་ཡིས་འཐུས་མི་མངག་ནས་གྲོས་མོལ་ཀྲུའུ་ཞིའི་འགན་ཁུར་རྒྱུ་རེད།
སྐབས་འདིའི་ཚོགས་ཆེན་ནས་ནམ་ཟླའི་གྲོས་གཞི་མང་བོ་དམིགས་སུ་བཟུང་ཡོད་ཅིང་། གོ་ལ་ཧྲིལ་བོས་ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་གི་ཉམས་ཉེན་ཐག་གཅོད་བྱེད་པར་ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ་དང་། དྲོད་རླངས་ཕྱིར་གཏོང་གི་ཚད་ཇེ་ཉུང་དུ་གཏོང་བ། ནམ་ཟླའི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དཀྱེལ་ཡངས་དང་དྲང་བདེན་གྱི་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།