ཧཱ་མཱ་སི་དང་ཨེ་ཅིབ་ཀྱི་དཔོན་རིགས་ཀྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་འཕེལ་རིམ་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་མགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཨེ་ཅིབ་ཀྱི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་། འཁྲུག་རྩོད་མཚམས་འཇོག་པའི་འཕེལ་རིམ། འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་འབཀོད་སྒྲིག་སོགས་ནང་དོན་ལ་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པར་ཧཱ་མཱ་སིའི་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏཱ་ཨར་ཝེ་ཧྲི་ཡིས་སྣེ་ཁྲིད་ཡོད་པ་དང་། མེད་ཧྲ་ཨ་ལེ་དང་ཧཱ་ཡཱ་སོགས་ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་མང་བོ་ཞུགས་ཡོད། ཨེ་ཅིབ་ཀྱི་འཐུས་ཚབ་ཚོགས་པར་ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལཱ་ཧྲ་ཏི་ཡིས་སྣེ་ཁྲིད་བྱས་ཡོད་ཟེར།

ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས་པ་བསྐྱར་སྒྲོག་བྱས་པ་དང་། ངེས་པར་དུ་དབྱི་སི་རལ་གྱིས་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པ་ནན་བཤད་བྱས། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་བར་འདུམ་ཕྱོགས་ཀྱིས་བྱེ་བྲག་གི་རྐྱེན་སྲོལ་ཅིག་བཙུགས་ནས་བར་འདུམ་ཕྱོགས་ལ་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་གང་རུང་སྙན་ཞུ་བྱས་ཆོག་པར་བྱས་ཏེ། བར་འདུམ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་མྱུར་དུ་བཀག་འགོག་བྱེད་པར་སྟབས་བདེ་བར་མ་ཟད། ཕྱོགས་གཅིག་གི་འགུལ་སྐྱོད་ལས་གནས་བབ་ཛ་དྲག་ཏུ་འགྱུར་བ་དང་གྲོས་མཐུན་ལ་གཏོར་བརླག་བྱེད་པར་སྔོན་འགོག་བྱེད་དགོས་པའི་འདོད་བློ་བཏོན།

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་ཟླ10བའི་ཚེས10ཉིན་ནུས་ལྡན་དུ་གྱུར་བའི་ཚུན་ལ། དབྱི་སི་རལ་གྱིས་ཐེངས་མང་བོར་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བ་རྒྱུ་མཚན་དུ་བྱས་ཏེ་འཇབ་རྒོལ་བྱས་པ་དང་། ཧཱ་མཱ་སི་ཡིས་གྲོས་མཐུན་དང་འགལ་བ་ཁས་ལེན་བྱས་མེད། དབྱི་སི་རལ་གྱིས་ཟླ11པའི་ཚེས22ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་བརྒྱ་ཕྲག་ལྷག་ལ་ཤི་རྨས་བཟོས། ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་འཆར་གཞི་ཡོད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བ་རེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཨེ་ཅིབ་དང་མཉམ་དུ་བར་འདུམ་ཕྱོགས་དང་འབྲེལ་ཡོད་ཕྱོགས་ཀྱིས་གང་མགྱོགས་སྒོས་ཧཱ་མཱ་སིའི་ལཱ་ཧྥ་ས་ཁུལ་གྱི་དྲག་ཆས་མི་སྣའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། ཧཱ་མཱ་སི་ཡིས་བསྟན་དོན། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་ས་འོག་ཕུག་ལམ་ནས་ལུས་པའི་དྲག་ཆས་མི་སྣའི་བར་འབྲེལ་ཐག་ཆད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།