ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་མིས་རི་ནེ་ཝ་ཡི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་མིས་ཚེས23ཉིན་བསྟན་དོན། ཕྱོགས་གཉིས་ཀྱིས་ཉིན་དེར་སུའེ་ཙེར་གྱི་རི་ནེ་ཝ་ནས་ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་སྐོར་གྱི་འཆར་གཞི་གསར་བ་ཉེར་བརྒྱད་ལ་གྲོས་མོལ་བྱས་ནས་གྲུབ་འབྲས་ཐོབ་ཡོད་ཟེར།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན། དེ་མིན་ཡོ་རོབ་གླིང་མནའ་འབྲེལ། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་འཐུས་མིས་ཉིན་དེའི་སྔ་དྲོ་ནས་བཟུང་གྲོས་མོལ་བྱས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐོག་མར་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་དང་གྲོས་མོལ་བྱས། ཕྱི་དྲོར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས། དགོང་མོའི་དུས་ཚོད་དྲུག་ཡས་མས་སུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་ཏེ། རང་རང་ས་ནས་གསལ་སྒྲོག་སྤེལ་བ་རེད།

ལུའུ་པུས་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་བར་བྱ་བའི་རྨང་གཞིའི་སྟེང་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། འབྲེལ་ཡོད་ཀྱི་གྲོས་གཞིར་བཟོ་བཅོས་དང་ལེགས་སྒྲིག་བྱས་ཏེ། འགལ་བ་མང་བོའི་བར་ཁྱད་ཇེ་ཆུང་དུ་བཏང་ནས་ཇུས་གཞི་དེ་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་གྲོས་གཞི་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

ལུའུ་པུས་ཨོ་ཡིས་བཤད་རྒྱུར། ཇུས་གཞིར་གྲོས་མཐུན་བྱུང་རྗེས། ད་རུང་ཨུ་རུ་སིའི་ཕྱོགས་ཡིད་འཐད་འབྱུང་དགོས། ཡིན་ཡང་འདས་པའི་ཟླ་ངོ་དགུའི་ནང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་རེ་འགར་ངེས་པ་དོན་གྱིས་རྒྱུས་ལོན་བྱུང་ཡོད་ཟེར།

ཡེ་ཨར་མཱ་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་ཉིན་དེའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པ་དང་། དྲང་བདེན་ཡུན་རིང་གི་ཞི་བདེའི་ཕྱོགས་སུ་བགྲོད་བཞིན་ཡོད།

མ་འོངས་པའི་ཉིན་འགའི་ནང་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་ཇུས་གཞིར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཡོ་རོབ་གླིང་གི་གྲོགས་པོའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་བསྟན་དོན། ཉིན་དེའི་དགོང་མོར་སྨྱན་བྱད་ལ་གནས་ཚུལ་གསར་བ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།