
དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་དང་རྒྱལ་སྲུང་དམག་དཔུང་གིས་ཚེས23ཉིན་གྱི་དགོངས་མོར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་རུ་བར་སྣང་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཐཱ་པཱ་ཐཱ་པེ་བསད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་གསལ་སྒྲོག་ལྟར་ན། ཐཱ་པཱ་ཐཱ་པེ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ཀྲིན་ཀྲུའུ་ཏང་ནང་ཞུགས་པ་དང་། མཐོ་རིམ་ལས་འགན་རབ་དང་རིམ་པ་ཁུར་མྱོང་ལ། དེའི་ནང་ཀྲིན་ཀྲུའུ་ཏང་གི་ཧྲག་དམག་ལཱ་ཏི་ཝན་གྱི་བཀོད་འདོམ་དཔོན་པོ་དང་། ཀྲིན་ཀྲུའུ་ཏང་གི་སི་རི་ཡཱའི་འགུལ་སྐྱོད་ཀྱི་འགན་ཁུར་བ་སོགས་ཀྱི་འགན་ཁུར་མྱོང་། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་རྗེས་སུ། ཐཱ་པཱ་ཐཱ་པེ་ཡིས་ཀྲིན་ཀྲུའུ་ཏང་གི་དམག་དོན་འགུལ་སྐྱོད་སྡེ་ཁག་གི་གཙོ་གཉེར་དཔོན་གྱི་འགན་ཁུར་ནས། འཐབ་འཁྲུག་གནས་བབ་ལེགས་སྒྲིག་དང་དམག་ཤུགས་གཅིག་བསྡུ་བྱེད་པའི་འགན་ཁུར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ན་ནིང་ལོ་སྨད་དུ་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་རིམ་པ་མང་ཆེ་བ་དབྱི་སི་རལ་གྱི་དམག་དཔུང་གིས་ཚར་གཅོད་བྱས་རྗེས། ཐཱ་པཱ་ཐཱ་པེ་ཡིས་དོན་དངོས་སུ་དབྱི་སི་རལ་བར་གྱི་འཐབ་འཁྲུག་ལ་བཀོད་འདོམ་བྱེད་པའི་འགན་ཁུར་ཡོད། ལོ་དེའི་ཟླ11པར་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་བཞག་རྗེས། ཁོས་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་འགན་ཁུར་ནས་རྩ་འཛུགས་དེའི་བསྐྱར་འཛུགས་བྱ་བར་མགོ་ཁྲིད་བྱས་པ་རེད་ཟེར།
2016ལོའི་ཚུན་ལ། ཨ་མེ་རི་ཁས་རྒྱུན་པར་ཐཱ་པཱ་ཐཱ་པེ་འཛིན་བཟུང་བཀའ་རྒྱ་བཏང་ནས། ཁུངས་སྣེ་འདོན་སྤྲོད་མཁན་ལ་མེ་སྒོར་ས་ཡ་ལྔའི་བྱ་དགའ་སྟེར་རྒྱུ་ཐག་བཅད་ཡོད།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཀྲིན་ཀྲུའུ་ཏང་གི་སྟོབས་ཤུགས་སླར་གསོ་བྱེད་པ་དང་། རྩ་འཛུགས་དེས་ཡང་བསྐྱར་དབྱི་སི་རལ་ལ་འཇིགས་ཉེན་བཟོ་བར་ཁས་ལེན་བྱེད་མི་སྲིད་ཟེར། ཁོས་ལེ་པཱ་ནུན་སྲིད་གཞུང་གིས་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་གཏོང་བའི་དམ་བཅའ་ལག་བསྟར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།