ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཐཱ་པཱ་ཐཱ་པེ་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་མཐོ་རིམ་དམག་དོན་བཀོད་འདོམ་དཔོན་ཐཱ་པཱ་ཐཱ་པེ་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐཱ་པཱ་ཐཱ་པེ་ནི་ཀྲིན་ཀྲུའུ་ཏང་གི་ཕུལ་དུ་བྱུང་བའི་བཀོད་འདོམ་དཔོན་པོ་ཡིན་པ་དང་། ཀྲིན་ཀྲུའུ་ཏང་ཐོག་མར་བཙུགས་པའི་སྐབས་སུ་དམག་དོན་བྱ་འགུལ་ནང་ཞུགས་ཡོད་པ་དང་། དབྱི་སི་རལ་གྱི་འཐབ་རྩོད་ཁྲོད་དུས་ཡུན་རིང་བོར་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཡོད། ཁོ་ཚེ་ལས་འདས་པ་ལས་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣའི་སེམས་འདུན་ཇེ་བརྟན་དུ་འགྲོ་སྲིད་ལ། ཀྲིན་ཀྲུའུ་ཏང་གིས་མུ་མཐུད་དུ་དབྱི་སི་རལ་བར་འགོག་རྒོལ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་ཟེར།

ཀྲིན་ཀྲུའུ་ཏང་གིས་ད་རུང་བཤད་རྒྱུར། གཞན་ཡང་ཀྲིན་ཀྲུའུ་ཏང་གི་ཁོངས་མི་བཞི་ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་བར་སྣང་འཇབ་རྒོལ་བྱས་ཏེ་བརྩེགས་རིམ་མཐོ་བའི་ཐོག་ཁང་ཞིག་ལ་འཇབ་རྒོལ་བྱས། ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ལས་ད་རུང་མི28ལ་རྨས་ཕོག་ཡོད་ཟེར།

ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་དབྱི་སི་རལ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་ནས་ཡང་དུ་ལེ་པཱ་ནུན་ལ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་སྣང་མེད་དུ་བསྐྱུར་བ་དང་། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གྲོས་ཆོད་ལག་བསྟར་བྱས་མེད་པར་མ་ཟད། ཕྱོགས་སོ་སོས་གནས་བབ་ཛ་དྲག་ཏུ་གཏོང་བར་སྔོན་འགོག་དང་ལེ་པཱ་ནུན་དང་ཐ་ན་ས་ཁུལ་ཧྲིལ་བོའི་གཏན་འཇགས་སླར་གསོ་བྱེད་པའི་ཐད་འབད་འབུངས་བྱེད་པའི་བྱ་བ་དང་ལེན་བྱས་མེད་ཟེར།

ཨོ་ཨིན་གྱིས་བསྟན་དོན། ལེ་པཱ་ནུན་ཕྱོགས་ཀྱིས་ནམ་རྒྱུན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཟོལ་མེད་ཀྱིས་འགན་འཁྲི་ཁུར་དུ་བླངས་ནས། དབྱི་སི་རལ་གྱིས་ལེ་པཱ་ནུན་དང་དེའི་མི་དམངས་ལ་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་དགོས་པ་དང་། གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ནས་ཁྲག་བཞུར་དོན་རྐྱེན་སྔར་ལས་མང་བོ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།