
ལྷོ་ཁོ་རེ་ཡཱའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ལྷོ་ཁོ་རེ་ཡཱའི་སྲིད་འཛིན་ལིས་ཙེ་མེན་གྱིས་བཤད་རྒྱུར། མིག་སྔར་ལྷོ་བྱང་གི་འབྲེལ་བ་དེ་དུས་ངེས་མེད་དུ་འཁྲུག་རྩོད་འབྱུང་བའི་ཉེན་ཁའི་རྣམ་པར་གནས་ཡོད། གལ་ཏེ་ད་ལྟའི་གནས་བབ་བསྒྱུར་དགོས་ན། ངེས་པར་དུ་ལྷོ་བྱང་གི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
བསྒྲགས་པ་ལྟར་ན། ལིས་ཙེ་མེན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་གྲོལ་རྗེས་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་ཐུར་ཁེ་རུ་བགྲོད་པའི་གནམ་གྲུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། མིག་སྔར་ལྷོ་བྱང་གི་འབྲེལ་བ་ཧ་ཅང་ཚབས་ཆེན་དུ་གྱུར་ནས། དགྲར་འཛིན་ཆེ་བར་མ་ཟད་རྩ་བའི་ཡིད་ཆེས་མེད་པར་གྱུར་ཡོད། མིག་སྔར་འབྲེལ་འདྲིས་ཐབས་ལམ་ཚང་མ་ཆད་ཡོད་ལ། ཐོལ་བྱུང་གི་འཁྲུག་རྩོད་བྱུང་ཡང་ཐག་གཅོད་བྱེད་ཐབས་མེད་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར།
ལིས་ཙེ་མེན་གྱིས་བཤད་རྒྱུར། མིག་སྔའི་གནས་བབ་འོག་ཧུར་ཐག་སྒོས་གྲོས་མོལ་བྱེད་དགོས་པ་དང་། རྒྱང་རིང་ལ་དམིགས་ནས་གཅིག་གྱུར་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས། ལྷོ་ཁོ་རེ་ཡཱ་ཕྱོགས་ཀྱིས་མངའ་འོག་ཏུ་བསྡུས་ནས་གཅིག་གྱུར་བྱེད་འདོད་མེད་ལ། སྔོན་ལ་བྱང་ཁོ་རེ་ཡཱའི་བར་གྲོས་མོལ་བྱས་ཏེ་ཞི་བདེ་མཉམ་གནས་མངོན་འགྱུར་བྱས་རྗེས་ད་གཟོད་གཅིག་གྱུར་ལ་གྲོས་མོལ་བྱེད་དགོས་ཟེར།
ལྷོ་ཁོ་རེ་ཡཱ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཇེ་ཆུང་དུ་བཏང་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་བསམ་བློ་གཏོང་མིན་འདྲི་སྐབས་ལིས་ཙེ་མེན་གྱིས་བཤད་རྒྱུར། གལ་ཏེ་ལྷོ་བྱང་བར་ཞི་བདེའི་རྐྱེན་སྲོལ་སྲ་བརྟན་འཛུགས་ཐུབ་ཚེ་དམག་དོན་སྦྱོང་བརྡར་མ་བྱས་ཀྱང་ཆོག རྒྱང་རིང་ལ་དམིགས་ནས་བལྟས་ན་ལྷོ་ཁོ་རེ་ཡཱའི་རྒྱལ་ཁབ་འགོག་སྲུང་ལ་ངེས་པར་དུ་རང་ཉིད་ཀྱིས་འགན་ཁུར་དགོས་ཟེར། ཁོས་བཤད་རགྱུར། གནས་ཚུལ་མི་འདྲ་བར་གཞིགས་ནས། དམག་དོན་སྦྱོང་བརྡར་ཇེ་ཉུང་དུ་གཏོང་བའམ་ཕྱིར་འགྱངས་བྱེད་པ་ནི་ཞི་བདེའི་རྐྱེན་སྲོལ་འཛུགས་པའི་མཇུག་འབྲིས་ཡིན་སྲིད་པ་དང་། ཞི་བདེའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བའི་གཏའ་མའང་ཡིན་སྲིད་ཀྱང་། མིག་སྔར་གནས་ཚུལ་དེ་འདྲ་ཡིན་ཞེས་བརྗོད་པར་ཁག་པོ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།