
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས24ཉིན་བཤད་རྒྱུར། ཨུ་རུ་སི་ལ་མིག་སྔར་ད་རུང་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་སུའེ་ཙེར་རི་ནེ་ཝ་ནས་གྲོས་མོལ་བྱས་རྗེས་བཟོ་བཅོས་བྱས་པའི་ཞི་བདེའི་འཆར་གཞི་འབྱོར་མེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་རི་ནེ་ཝ་ནས་གྲོས་མོལ་བྱས་རྗེས་ཀྱི་གསལ་སྒྲོག་མཐོང་ཡོད་ཀྱང་། དངོས་གཞིའི་སྤྱི་སྒྲོག་གང་ཡང་འབྱོར་མེད་ཟེར། ཁོས་ད་རུང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱུས་ལོན་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་ཨུ་རུ་སིར་བསྐུར་བའི་པར་གཞི་དང་བསྡུར་ན། ཞི་བདེའི་འཆར་གཞིའི་མ་ཡིག་ལ་ལེགས་བཅོས་ངེས་ཅན་བྱས་ཡོད་ཟེར།
ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་མིས་ཚེས23ཉིན་སུའེ་ཙེར་རི་ནེ་ཝ་ནས་ཨ་མེ་རི་ཁས་བཏོན་པའི་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བའི་འཆར་གཞི་གསར་བ་ཉེར་བརྒྱད་པའི་ཐད་ནས་གྲོས་མོལ་བྱས། ཕོ་བྲང་དཀར་པོས་ཉིན་དེའི་དགོང་མོར་སྤེལ་བའི་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཉིན་དེའི་གྲོས་མོལ་ཁྲོད་གསར་བསྒྱུར་དང་འཐུས་ཚང་དུ་བཏང་རྗེས་ཀྱི་ཞི་བདེའི་སྒྲོམ་གཞིའི་གྲོས་མཐུན་ཞིག་རྩོམ་འབྲི་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།