
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས23ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་གྱི་ཨ་ཧྥེ་རི་ཁ་གླིང་གི་ལས་དོན་གྱི་མཐོ་རིམ་བློ་འདོན་པ་པུའུ་ལོ་སི་ཡིས་ཕྱོགས་བཞིའི་བདེ་འཇགས་གྲོས་མོལ་གྱི་ཚབ་བྱས་ཏེ་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་གསར་བ་དེ་ནི་ད་ལྟའི་བར་ཆེས་ཞན་པའི་ཇུས་གཞི་ཞིག་ཡིན་པས་སུའུ་ཏན་སྲིད་གཞུང་གིས་དང་ལེན་མ་བྱས་ཟེར།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས23ཉིན་གྱི་དགོང་མོར་སྤེལ་བའི་གསལ་སྒྲོག་ལྟར་ན། གོང་སྨྲས་ཀྱི་འཁྲུག་རྩོད་ཇུས་གཞི་ལས་སུའུ་ཏན་དྲག་ཆས་དམག་དཔུང་མེད་པར་གཏོང་བ་དང་བདེ་འཇགས་ལས་ཁུངས་ཚང་མ་གཏོར་དགོས་པའི་རེ་བ་བཏོན་ཡོད་ལ། ཚད་ལྡན་དམག་དཔུང་རྩ་འཛུགས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་མུ་མཐུད་དུ་རང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་བཅའ་སྡོད་བྱས་ཆོག་པར་བྱས་ཡོད། གསལ་སྒྲོག་ལས་བསྟན་དོན། སུའུ་ཏན་དྲག་ཆས་དམག་དཔུང་ནི་འཐབ་འཁྲུག་གི་ཉེས་ཅན་མིན་པ་དང་ཞི་བདེ་ལའང་ངོ་རྒོལ་བྱེད་བཞིན་མེད་ཀྱང་། མི་གང་རུང་གི་འཇིགས་སྐུལ་དང་བཀའ་བཀོད་དང་ལེན་བྱེད་མི་སྲིད་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ངེས་པར་དུ་སུའུ་ཏན་སྲིད་གཞུང་གིས་བཏོན་པའི་ཇུས་གཞི་དང་ལེན་བྱས་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་རང་གིས་ཚོད་འཛིན་བྱེད་པའི་གྲོང་ཁྱེར་ཚང་མ་ནས་ཕྱིར་འཐེན་བྱས་ཏེ་ངེས་གཏན་ས་ཁོངས་སུ་གཅིག་འདུས་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། གསལ་སྒྲོག་ལས་ད་རུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས་པ་དང་། རྒྱལ་ཁབ་དེ་བར་འདུམ་ནང་ཞུགས་པར་དང་ལེན་མི་བྱེད་པའི་ཚུལ་བསྟན།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ཕྱི་འབྲེལ་བློ་འདོན་པ་ཅཱ་ཨར་ཅཱ་ཧྲི་ཡིས་ཚེས22ཉིན་སྨྱན་བྱད་ལ་རྩོམ་ཡིག་སྤེལ་ཏེ། སུའུ་ཏན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་བཞག་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།