
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚེས22ཉིན་གྲོལ། གྲོས་ཚོགས་ནས་གོ་ལ་ཧྲིལ་བོའི་ཐ་མག་ཚོད་འཛིན་གནད་དོན་ཐད་ནས་ཁོར་ཡུག་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་འབྲེལ་ཡོད་གྲོས་ཆོད་རབ་དང་རིམ་པར་གྲོས་འཆམ་བྱུང་།
ཚོགས་ཡུན་ཉིན6ཡིན་པའི་གྲོས་ཚོགས་ནས། སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་ནས་ཡོང་བའི་འཐུས་མི160ཡིས་སུའེ་ཙེར་གྱི་རི་ནེ་ཝ་ནས་གོ་ལ་ཧྲིལ་བོའི་ཐ་མག་ཚོད་འཛིན་བྱེད་ཐབས་ལ་གྲོས་བསྡུར་བྱས། གྲོས་ཚོགས་ནས་ཐ་མག་ཚོད་འཛིན་དང་ཁོར་ཡུག ཐ་མག་ཚོད་འཛིན་གྱི་རྒྱུན་མཐུད་ཐོན་ཁུངས་ཁ་སྣོན་བྱེད་པ། སྔོན་དཔག་རང་བཞིན་གྱི་ཐ་མག་ཚོད་འཛིན་བྱེད་ཐབས། དེ་མིན་ཐ་མག་ལས་རིགས་ཀྱི་གནོད་པའི་སྐྱིན་ཚབ་འགན་འཁྲི་སོགས་ཀྱི་ཐད་ནས་གྲོས་ཆོད་མང་བོ་བཀོད།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཁོར་ཡུག་སྲུང་སྐྱོབ་དང་མིའི་རིགས་ཀྱི་བདེ་ཐང་ལ་ཐ་མག་གི་གནོད་པ་ཐེབས་པར་སྔོན་འགོག་བྱེད་པའི་ཐད་ནས་གྲོས་བསྡུར་བྱས་པ་དང་། གྲོས་ཆོད་ཅིག་བཀོད་དེ་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་སོ་སོ་གདན་དྲངས་ནས་ཐ་མག་དང་ཉི་ཀུའུ་ཏེན་གྱི་ཐོན་རྫས་ཀྱི་གྲུབ་ཆའི་ཐད་ནས་ཕྱོགས་ཡོངས་ཀྱི་ལྟ་རྟོག་ཇུས་གཞི་གཏན་འབེབས་བྱེད་པར་བསམ་བློ་བཏང་སྟེ། ཐོན་རྫས་དེ་རིགས་ཀྱི་སྤྱི་བའི་འཕྲོད་བསྟེན་ཐད་ཀྱི་ཤུགས་རྐྱེན་ངན་པ་ཇེ་ཆུང་དུ་གཏོང་རྒྱུ་ཐག་བཅད།
ཕྱོགས་སོ་སོས་ད་རུང་ཐ་མག་གི་འབྲེལ་ཡོད་ཉེས་དོན་དང་དམངས་དོན་འགན་འཁྲི་རྩད་གཆོད་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་སོ་སོ་གདན་དྲངས་ནས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐབས་ལ་བརྟེན་ཏེ། སྤྱི་ཆིངས་ཀྱི་འབྲེལ་ཡོད་དོན་ཚན་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་པར་བསམ་བློ་གཏོང་དུ་འཇུག་རྒྱུ་ཐག་བཅད།
སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་འགན་ཁུར་བ་ཚབ་མ་པུའུ་ལའེ་ཁི་ཡིས་བཤད་རྒྱུར། སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གིས་ཆོད་དོན་གལ་ཆེན་དེ་དག་བཏོན་པས། མ་འོངས་པའི་ལོ་འགའི་ནང་མི་ས་ཡ་མང་བོའི་ཚེ་སྲོག་སྐྱོབ་ཐུབ་པའི་རེ་བ་ཡོད་ལ། སའི་གོ་ལར་ཐ་མག་ལས་བྱུང་བའི་ཁོར་ཡུག་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།